《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

གངས་ལྗོངས་ས་མཐོ་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ་བསྐྲུན་དགོས།

《རྒྱང་ལྟ》གསར་འགྱུར་གཟའ་འཁོར་དུས་དེབ་ཀྱི་གསར་འགོད་པ། ཧྲིན་ཧུང་པིང་། ཀྲང་ཅིང་ཕིང་། དབང་ཙེ་ཧོ།

ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཡོད། འདི་ནི་བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མིང་ཐོག་ནས་བཟོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་མ་ལག་གི་སྟོང་ཆ་གསབ་ཡོད་ལ། དེ་དང་ཆབས་ཅིག་ཞིང་ཆེན་རིམ་པ་དང་ས་གནས་ཁྲིམས་འཛུགས་ཀྱི་བྱེད་ཐབས་ཐོག་ནས་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་དགོས་པ་བཏོན་ཡོད་པས། རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ན་བོད་ནི་ཨང་དང་པོ་ཡིན་པ་རེད།

མི་རིགས་མཐུན་སྒྲིལ་གྱི་འགན་སྲུང་མ་ལག་བསྐྲུན་པ།

ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ། ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐང་བོད་རྡོ་རིང་དང་། ལྷ་འབྲུམ་འགོག་པའི་རྡོ་རིང་། ཡིག་མེད་རྡོ་རིང་བཅས་ཀྱིས་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རིང་མོར་དཔང་པོ་བྱས་ཡོད། འདི་ལོའི་ཟླ་བ་གསུམ་པར། གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་སྒོར་ཁྲི་600བཏང་ནས་རྡོ་རིང་སྲུང་སྐྱོང་གི་རྒྱ་ཕིབས་བསྐྲུན་ཡོད།

ད་ཕན་ལོ་ཤས་རིང། བོད་ཀྱི་ས་གནས་ཁག་གིས་མི་རིགས་མཐུན་སྒྲིལ་ལ་དཔང་པོ་བྱེད་པའི་ལོ་རྒྱུས་རྗེས་ཤུལ་སྲུང་སྐྱོང་དང་། སྔོག་འདོན། གསར་སྤེལ་བཅས་ཀྱི་ལས་དོན་བསྟུད་མར་སྤེལ་ཞིང་། དངོས་སྦྱོང་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་འགྲེམས་སྟོན་ཁང་སོགས་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་པར་གྱུར་བ་མ་ཟད། མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་གྱི་ལོ་རྒྱུས་ཤེས་རྟོགས་དང་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱེད་པའི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད།

དམངས་སེམས་གཅིག་ཏུ་བསྒྲིལ་ན་རྒྱལ་ཁབ་སྟོབས་འབྱོར་ལྡན། གནའ་དེང་གི་ཀྲུང་ཕྱིའི་ལོ་རྒྱུས་ལ་བལྟས་ཚེ། མི་རིགས་མང་བའི་རྒྱལ་ཁབ་གང་ཞིག་གི་ངོས་ནས་བརྗོད་ན། མི་རིགས་མཐུན་སྒྲིལ་ནི་འབངས་བདེ་ལ་འཁོད་ཅིང་རྒྱལ་ཁབ་སྟོབས་འབྱོར་ཡོང་བའི་དོན་ཆེན་ཞིག་ཡིན་པ་མ་ཟད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱལ་ཁབ་གཅིག་གྱུར་དང་མི་རིགས་ཁག་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་འདི་ཉིད་བོད་རིགས་ཀྱིས་གཙོ་བོར་བྱས་པའི་མི་རིགས་མང་བའི་འདུས་སྡོད་ཁུལ་ཞིག་ཡིན་ལ། བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་45ཡོད་ཅིང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་གྱིས་91%ཡན་བཟུང་ཡོད་པས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་མང་མཉམ་སྤྱོད་དང་དུས་བསྟུན་འཕེལ་རྒྱས་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ལས་དོན་སྲུང་སྐྱོང་དང་འགན་སྲུང་གི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། མི་རིགས་མཐུན་སྒྲིལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་པ། མི་རིགས་མཐུན་སྒྲིལ་ལས་དོན་གསར་གཏོད་དང་འགན་སྲུང་མ་ལག་ཟམ་མི་ཆད་པར་བསྐྲུན་པ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རིང་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

2019ལོ་བར། བོད་ཀྱི་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ལ་བཏོད་ཅིང་། ད་ཆ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་1649དང་དཔེ་བཟང་མི་སྒེར་2459ཡོད་པ་རེད།

སྲོལ་ཡིག་ནང་ད་དུང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་རིག་གནས་ཀྱི་རྣམ་པ་མངོན་པའི་གྲགས་ཅན་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ། ཁྲོམ་གཞུང་བཅས་སྲུང་སྐྱོང་དང་འཕེལ་རྒྱས་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་བསྐྲུན་རྒྱུར་ཤུགས་སྣོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་སློབ་གསོ་སྤེལ་རྒྱུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཏན་འབེབས་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་ཤེས་མིན་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྒྲུབ་ཤེས་མིན་དེ་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་ཁ་གསལ་བཏོན་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ།

ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་318བརྒྱུད་ནུབ་ཕྱོགས་སུ་སྤྱི་ལེ་70ཙམ་བསྐྱོད་ཚེ་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཐོག་མ་སྟེ་གསུམ་ལྡན་གྲོང་ཚོར་འབྱོར་གྱི་ཡོད།

བདེ་སྐྱིད་གྲོང་ཚོ་གསར་པ་དེར་ཆུ་ཤུར་རྫོང་གི་ཤང་གསུམ་དང་གྲོང་ཚོ་10ཡི་དུད་ཚང་184ཡི་མང་ཚོགས་དབུལ་པོ་712དེ་གར་སྤོས་ཡོད་ལ། གནས་དེའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལ་མི་རྣམས་ཀྱིས་རྟག་ཏུ་བསྔགས་བརྗོད་བྱེད་བཞིན་ཡོད།

འདི་ལོ་ལོ་52ལ་སླེབས་པའི་ཤའོ་ཕུའུ་ཤིས་བོད་དུ་སླེབས་ནས་ལོ་15སོང་ཞིང་། 2006ལོར་ཁོང་ལྷ་ས་གྲོང་ཁྱེར་གྱི་ལས་ཡུལ་ཞིག་ཏུ་གླ་པ་རྒྱུག་སྐབས། བོད་རིགས་བུ་མོ་ཟླ་དཀར་ངོ་ཤེས་པ་དང་གཤིབ་ཡུན་རིང་བས། མཐར་བརྩེ་དུང་གི་མདུད་པ་ཐེབས་ནས་བཟའ་ཚོར་གྱུར།

ད་ཆ་ཁོང་གཉིས་ཀྱི་བུ་མོ་བདེ་ཆེན་མཚོ་མོ་སློབ་ཆུང་ལོ་རིམ་གཉིས་པ་འགྲིམ་བཞིན་ཡོད་པ་དང་། 2017ལོར་ནང་མི་གསུམ་ཆུ་ཤུར་རྫོང་ཚྭ་རགས་ཤང་དཔལ་གླིང་གྲོང་ཚོ་ནས་གསུམ་ལྡན་གྲོང་ཚོའི་སྨི་ངོས་གྲུ་160ཟིན་པའི་བོད་བཟོའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ད་ཆ་གྲོང་ཚོའི་ནང་ཚལ་འཚོང་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

གསུམ་ལྡན་གྲོང་ཚོར་ཤའོ་ཕུའུ་ཤིས་ཀྱི་ཁྱིམ་ཚང་དང་འདྲ་བའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་18ཡོད་པ་དང་2019ལོར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་3མང་དུ་ཕྱིན་ཡོད་པ་རེད།

བོད་དུ་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱེད་པའི་སྲོལ་དེ་གནའ་སྔ་མོ་ནས་དར་ཡོད། ལོ་1000 ལྷག་གི་གོང་དུ་ཐང་རྒྱལ་རབས་ཀྱི་འུན་ཤིང་ཀོང་ཇོ་ལེ་དབར་ཁྲི་ཡི་ས་ནས་ལྷ་སར་ཡོང་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོ་དང་གཉེན་སྒྲིག་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེར་ད་བར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད།

ད་ཆ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པར་བརྟེན་བོད་ནས་ཕྱིར་སྐྱོད་པར་སྟབས་བདེ་ཡོད་ལ། བོད་དང་ནང་སའི་ཕྱོགས་གཉིས་སྤེལ་རེས་ཀྱང་བྱེད་མང་དུ་ཕྱིན་ཁར། ནང་ས་ནས་བོད་དུ་ལས་ཀ་དང་ཡུལ་སྐོར་ལ་ཡོང་མཁན་གྱི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་བོད་ནས་ནང་སར་ལས་ཞུགས་དང་ཚོང་རྒྱག་པར་འགྲོ་མཁན་ཡང་མང་དུ་ཕྱིན་ཡོད། དེའི་དབང་གིས་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལས“མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ”བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་བཏོད་ཡོད་ལ། སྤུན་མཆེད་ལྟར་བརྩེ་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་སོང་ཡོད།

ཟླ་4ཚེས་12ཉིན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ལོ་འདིའི་སློབ་ཐོན་སློབ་མ་42གནམ་གྲུར་བསྡད་ནས་ནང་སའི་ཁེ་ལས་གསུམ་དུ་ལས་ཀར་བསྐྱོད་ཡོད། འདི་ནི་སློབ་གྲྭ་དེས་སློབ་ཐོན་སློབ་མ“ཚོགས་སྒྲིག་རྣམ་པའི”བྱེད་ཐབས་ཐོག་ནས་ནང་སར་ལས་ཞུགས་བྱེད་པར་གཏོང་ཐེངས་དང་པོ་དེ་རེད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། བོད་ཀྱིས་རྒྱལ་ཡོངས་ཀྱི་སྤུན་ཟླ་ཚོ་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་ཞུགས་ནས་མི་རིགས་ཁག་ལྟ་རེས་སྐྱོང་རེས་ཀྱི་དགའ་བའི་རྣམ་པ་བཏོད་ཡོད། ཧྲའན་ཤིས་ཀྱི་བོད་སྐྱོར་ལས་བྱེད་པ་ལུའུ་ཀྲེ་ཡུང་གིས་ཉིན་མཚན་ལྔ་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྒེར་འཁོར་བཏང་ནས་མཚོ་བོད་གཞུང་ལམ་བརྒྱུད་མངའ་རིས་ས་ཁུལ་ལ་རིམས་འགོག་དངོས་རྫས་བསྐྱལ་བ་རེད། བོད་དུ་ཐོན་པའི་ཏོག་གསར་གློ་ཚད་ཕོག་མཁན་གྱི་ནད་པ་གཅིག་བུ་དེ་སྐྱོབ་བཅོས་བྱ་ཆེད་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཧོར་རིགས་སོགས་མི་རིགས་མང་པོ་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གིས“སྨན་ཁང་གཅིག་ལ་ནད་པ་གཅིག”གི་སྨན་པའི་བྱམས་སེམས་ཀྱི་ངོ་མཚར་གཏམ་རྒྱུད་བརྩམས་ཡོད།

དཔྱིད་གསར་དུས་ཆེན་རིང་བོད་རིགས་སློབ་མ་62ཀྱི་ཁྱིམ་བདག་ཝུའུ་ཧན་དུ་ཕྲུ་གུར་ལྟ་བར་བསྐྱོད་རིང་། རིམས་ནད་དབང་གིས་སློབ་གྲྭའི་ཉེ་འགྲམ་གྱི་གསོལ་མགྲོན་ཁང་ཞིག་ཏུ་སྡོད་དགོས་བྱུང་ཡོད། ཝུའུ་ཧན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཐུན་སྦྱོར་བྱས་པ་བརྒྱུད་རིན་མེད་ངང་ཁྱིམ་བདག་ཚོར་ལྟོ་ཆས་དང་ཉལ་ཁང་བཀོད་སྒྲིག་བྱས་པ་དང་ཁྱིམ་བདག་ཚོས་ཀྱང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་སློབ་གྲྭར་སྔོ་ཚལ་སོགས་དངོས་ཟོག་དབོར་རོགས་བྱས་པ་རེད།

རིམས་ནད་ཐོན་རྗེས། བོད་ཀྱིས་ཆེད་གཏོང་མེ་འཁོར་བཏང་ནས་ཚགས་ཤ་དང་། གཏེར་ཆུ། བོད་ཕག་སོགས་ས་མཐོའི་ཁྱད་ལྡན་ཐོན་ཟོག་ཧུའུ་པེར་བསྐྱལ་བ་མ་ཟད། རིམས་འགོག་གི་སྨན་པ་3ཧུའུ་པེར་བཏང་བ་རེད། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་བོད་ལྗོངས་སློབ་གྲོགས་ཚོགས་པའི་བོད་རིགས་སློབ་མ་153གྱིས་དངུལ་སྒོར་ཁྲི་2.6ལྷག་ཙམ་གྲབས་གསོག་བྱས་ནས་ཧུའུ་པེའི་འཐབ་ས་མདུན་མའི་སྨན་ཁང་ལ་ཞལ་འདེབས་བརྒྱབ་པ་རེད།

མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

མི་རིགས་མང་པོ་འདུས་སྡོད་བྱེད་པའི་བོད་དུ། མི་རིགས་མཐུན་སྒྲིལ་ནི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཞིག་རེད། དུས་ཡུན་རིང་པོའི་ནང་། གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་རྣམས་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་མཛའ་མཐུན། བློ་སེམས་གཅིག་མཐུན་བཅས་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བཞིན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་བཞིན་ཡོད།

དེའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ལ་མྱོང་ཚོར་ཟབ་མོ་ཡོད། 2019ལོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ། རག་སྡིས་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་28ཁྲོད་ཀྱི“མི་རིགས་མཐུན་སྒྲིལ་ལ་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་བྱ་དགའ་ཐོབ་མཁན་འབའ་ཞིག་དེ་རེད། 2001ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག ཀྲུང་དབྱང་འགོ་ཁྲིད་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་དགོས་ལུགས་བཏོན་ཡོད། སྐབས་དེ་དུས་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཡིན་པའི་རག་སྡིས་ཀྱིས་འཕྲལ་དུ“མཐུན་སྒྲིལ་ཁྱད་པར་ཐུབ་པ”དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་འཇུག་རྒྱུའི་གྲོས་འགོ་བཏོན་གནང་བ་རེད། ཁོང་གིས“མི་རིགས་ཁག་གི་མི་དམངས་དབར་གྱི་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་འགན་ལེན་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན”ཞེས་གསུངས་པ་རེད།

མཐུན་སྒྲིལ་ཟབ་མོ་དེ་ལྟ་བུའི་འོག་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཀྲུང་དབྱང་གི་མི་རིགས་སྐོར་གྱི་སྲིད་ཇུས་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་བྱུང་ནས་ཚོགས་སྤྱིའི་རང་བཞིན་གྱི་མི་རིགས་ཀྱི་འགལ་ཟླ་དང་རྩོད་གཞི་གཅིག་ཀྱང་ཐོན་མྱོང་མེད། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ། བོད་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་ཆ་རྐྱེན་བཟང་པོ་བཏོད་ཡོད། གྲངས་གཞི་ལས་མངོན་པར། 2019ལོར་བོད་ཀྱིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་བརྒལ་ཡོད་པ་རེད།

མཐུན་སྒྲིལ་ཟབ་མོ་དེ་ལྟ་བུའི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་བྱས་པས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2019ལོར་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེས་ཆེར་འཕེལ་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལས་བརྒལ་ནས་དཔལ་འབྱོར་འཕར་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་དུ་སྔ་རྗེས་སུ་མེ་འཁོར་དང་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་དང་། ལྷ་ས་ནས་གཞིས་རྩེའི་བར་དང་ལྷ་ས་ནས་ནག་ཆུའི་བར་གྱི་རིམ་མཐོའི་གཞུང་ལམ་སོགས་ཀྱི་ལས་གྲྭ་ད་ཆ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་ལ། གངས་ལྗོངས་ས་མཐོའི་ལམ་དྲ་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་མ་ཟད། བོད་རིགས་དང་རྒྱ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གཅིག་རྗེས་གཉིས་མཐུད་ངང་ཐོན་དང་ཐོན་བཞིན་ཡོད།

མཐུན་སྒྲིལ་ཟབ་མོ་དེ་ལྟ་བུའི་འོག་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། མི་སེམས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་བྱུང་ཚེ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་འགྲོ་ཐུབ། 2019ལོར་བོད་ཀྱི་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་བྱུང་བ་མ་ཟད། མི་རེའི་ཆ་སྙོམས་ཚེ་ཚད་ཀྱང་ལོ་70.6བར་མཐོ་རུ་སོང་ཡོད། སློབ་མ་མི་རེར་ཆ་སྙོམས་ཀྱི“འགན་ལེན་གསུམ”(བཟའ་བཏུང་དང་། ཞག་སྡོད། སློབ་ཡོན་བཅས་འགན་ལེན་བྱེད་པ)གྱི་ཁ་གསབ་ཚད་གཞི་སྒོར་3720ནས་སྒོར་4200བར་མཐོ་རུ་བཏང་ཡོད། དམངས་འཚོ་ལེགས་གཏོང་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ས་མཐོའི་ཉི་འོད་ཇི་བཞིན་ས་མཐོའི་མི་དམངས་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད།

(པ་སངས་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)