《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ས་ཞིང་དོ་དམ་ལམ་ལུགས་གསར་པ་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

—— གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་གསལ་འགྲེལ།

2019ལོའི་ཟླ་8ཚེས་26ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཞིང་དོ་དམ་བཅའ་ཁྲིམས》ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་དང་རྨོ་ཞིང་སྲུང་སྐྱོང་ནན་པོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཅིག་སྡུད་ཐོག་མཚོན་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཞིང་དོ་དམ་བཅའ་ཁྲིམས》ལ་གསར་གཏོད་རང་བཞིན་གྱི་ལམ་ལུགས་གལ་ཆེན་གང་དག་ཡོད་དམ། “6·25”ཡི་རྒྱལ་ཡོངས་ཀྱི་ས་ཞིང་ཉིན་མོ་ཐེངས་30པར། འདི་ག་ཚགས་པར་གྱི་གསར་འགོད་པས་འབྲེལ་ཡོད་གནད་དོན་ཐད་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་ཐིང་ཀྲང་ཟླ་བ་ཚེ་རིང་ལ་བཅར་འདྲི་ཞུས་པ་ཡིན།

དྲི་བ། གསར་གཏོད་རང་བཞིན་གྱི་ལམ་ལུགས་འདི་དག་གི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ། ཀྲུང་དབྱང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་དང་རྨོ་ཞིང་སྲུང་སྐྱོང་ནན་པོ་བྱེད་པའི་དགོངས་དོན་ཇི་ལྟར་མཚོན་ཡོད་དམ།

དྲིས་ལན། གཅིག་ནི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པའི་ལམ་ལུགས་བཟོས་པ་དེ་ཡིན་ཞིང་། གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཞིང་དོ་དམ་བཅའ་ཁྲིམས》ནང“ཚན་པ་དང་མི་སྒེར་སུ་ཞིག་གིས་འཛུགས་སྐྲུན་ལ་ས་ཆ་དགོས་ན། ངེས་པར་དུ་ཁྲིམས་ལྟར་གཞུང་ཁོངས་ས་ཆ་སྤྱོད་རྒྱུའི་འདུན་ཞུ་བྱེད་དགོས”ཞེས་པའི་སྐོར་གྱི་དེ་སྔའི་གཏན་འབེབས་མེད་པར་བཟོས་པ་དང་། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་འཆར་འགོད་དང་མཐུན་ཞིང་ཁྲིམས་ལྟར་ཐོ་འགོད་བྱས་ཆོག་པ་མ་ཟད། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འདི་གའི་ཁོངས་མིའི་གསུམ་ཆ་གཉིས་ཡན་ནམ་ཡང་ན་གྲོང་མིའི་འཐུས་མིས་མོས་མཐུན་བྱས་པའི་ཆ་རྐྱེན་འོག ནང་བཤུག་གཏོང་བ་དང་བོགས་མར་གཏོང་བ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཕུད་པའི་ཚན་པའམ་མི་སྒེར་གྱིས་ཐད་ཀར་སྤྱོད་ཆོག་པ་དང་། ཁྲོམ་ར་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་ས་ཞིང་ཐོན་ཁུངས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ཡོད། ས་ཆ་སྤྱོད་མཁན་ལ་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆའི་སྤྱོད་དབང་ཐོབ་རྗེས། ད་དུང་བརྒྱུད་བཤུག་དང་། བརྗེ་རེས། མ་དངུལ་འཇོག་པ། སྟེར་བའམ་གཏའ་མར་འཇོག་པ་བཅས་བྱེད་ཆོག དམིགས་སུ་བཀར་ནས་གསལ་བཤད་བྱེད་དགོས་པ་ཞིག་ནི། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཚོང་རར་ཞུགས་ཆོག་པ་ལས། གྲོང་གསེབ་ཀྱི་ས་ཞིང་ཡོད་ཚད་གང་འདོད་ལྟར་ཁྲོམ་རར་ཞུགས་ཆོག་པ་མཚོན་གྱི་མེད། ཐད་ཀར་ཁྲོམ་རར་ཞུགས་ཐུབ་པའི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཡིན་ན། ངེས་པར་དུ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཆ་རྐྱེན་དང་མཐུན་དགོས་པ་དང་། ངེས་པར་དུ་སྤྱོད་སྒོའི་དོ་དམ་ལམ་ལུགས་ཀྱི་རྩ་དོན་དང་བླང་བྱར་བརྩི་སྲུང་ཞུ་དགོས།

གཉིས་ནི་ས་ཞིང་བསྡུ་ལེན་ལམ་ལུགས་སྒྱུར་བཅོས་བྱས་པ་དེ་ཡིན་ཞིང་། གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཞིང་དོ་དམ་བཅའ་ཁྲིམས》ནང་ཐོག་མར་ས་ཞིང་བསྡུ་ལེན་གྱི་སྤྱི་པའི་ཁེ་ཕན་དབྱེ་མཚམས་གཏན་འཁེལ་བྱས་པ་དང་། དམག་དོན་དང་ཕྱི་འབྲེལ་གྱི་དགོས་མཁོ་དང་། སྲིད་གཞུང་གིས་ལག་བསྟར་སྒྲིག་འཛུགས་བྱས་པའི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་བྱ་གཞག དབུལ་སྐྱོར་གནས་སྤོ། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བཅས་ཀྱི་དགོས་མཁོ་དང་དེ་བཞིན་ཡུག་ཁུལ་གསར་སྤེལ་འཛུགས་སྐྲུན་དབང་གིས་བསྡུ་ལེན་བྱེད་རྒྱུ་གཏན་འཁེལ་བྱུང་རིགས་ཡིན་ཕྱིན་ཁྲིམས་ལྟར་བསྡུ་ལེན་བྱེད་ཆོག བཅའ་ཁྲིམས་གསར་པའི་གཏན་འབེབས་ལྟར། བསྡུ་ལེན་བྱས་པའི་ས་ཞིང་ལ་འདྲ་མཉམ་དང་ལུགས་མཐུན་གྱི་ཁ་གསབ་སྤྲོད་དགོས། ས་ཞིང་གི་དེ་སྔའི་སྤྱོད་སྒོ་དང་། ས་ཞིང་ཐོན་ཁུངས་ཀྱི་ཆ་རྐྱེན། ས་ཞིང་གི་ཐོན་སྐྱེད་རིན་ཐང་། ས་ཞིང་གི་གནས་ཡུལ། ས་ཞིང་མཁོ་སྤྲོད་འབྲེལ་བ། མི་འབོར་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཡུག་ཁུལ་གྱི་ཕྱོགས་བསྡུས་ས་རིན་གཏན་འཁེལ་བྱེད་དགོས། དེ་དང་དུས་མཚུངས་ཡུག་ཁུལ་གྱི་ཕྱོགས་བསྡུས་ས་རིན་གྱིས་དེ་སྔའི་ལོ་རེའི་ཐོན་རྫས་རིན་ཐང་གི་ལྡབ་གྲངས་ཀྱི་ཚབ་བྱེད་ཀྱི་ཡོད། དེ་སྔའི་ས་ཞིང་གུན་གསབ་དངུལ་དང་། བཀོད་སྒྲིག་ཁ་གསབ་རོགས་དངུལ། ས་ཞིང་སྟེང་གི་ལྷན་འབྱར་དངོས་པོ། ལྗོན་ཤིང་གི་གུན་གསབ་དངུལ་བཅས་ཀྱི་རྨང་གཞིའི་ཐོག གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་གི་གུན་གསབ་དངུལ་དང་ས་ཞིང་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་མང་དུ་གཏོང་བའི་གཏན་འབེབས་ལྟར་ན། བཅའ་ཁྲིམས་ནས་ས་ཞིང་བསྡུ་ལེན་བྱས་པའི་ཞིང་པར་སྔར་བས་འཐུས་སྒོ་ཚང་བའི་འགན་སྲུང་ལམ་སྲོལ་བཟོས་ཡོད། ས་ཆ་བསྡུ་ལེན་གྱི་གུན་གསབ་བཀོད་སྒྲིག་ཇུས་གཞི་བཟོ་སྐབས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་། ཞིང་པའི་གནས་ཚུལ་ཤེས་དབང་། ཞུགས་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་གང་ལེགས་བྱེད་དགོས། ཞི་མཐུན་ངང་ས་ཞིང་བསྡུ་ལེན་བྱེད་རྒྱུ་དར་སྤེལ་བྱ་ཆེད། ས་ཆ་བསྡུ་ལེན་དང་ཆོག་མཆན་མ་ཞུས་གོང་རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གིས་ངེས་པར་དུ་ས་ཞིང་བསྡུ་ལེན་བྱེད་རྩིས་ཡོད་པའི་ས་ཞིང་དབང་མཁན་དང་ས་ཞིང་སྤྱོད་མཁན་དབར་གུན་གསབ་བཀོད་སྒྲིག་སོགས་ཀྱི་གྲོས་མཐུན་འཇོག་དགོས།

གསུམ་ནི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དེ་ཡིན་ཞིང་། བཅའ་ཁྲིམས་གསར་པའི་ནང་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། དེ་སྔའི“དུད་ཚང་རེར་སྡོད་ཁང་རེ་ཡོད་པའི”རྨང་གཞིའི་ཐོག་ཁང་སའི་དུད་ཚང་ལ་སྡོད་ས་ཡོད་པའི་གཏན་འབེབས་མང་དུ་བཏང་བ་སྟེ། མི་རེའི་ཆ་སྙོམས་ས་ཞིང་ཉུང་བ་དང་། དུད་ཚང་རེར་ཁང་ས་རེ་ཡོད་དགོས་པ་འགན་སྲུང་མི་ཐུབ་པའི་ས་ཁུལ་གྱིས་ཞིང་པའི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་གྲོང་མིའི་དུད་ཚང་ཚང་མར་སྡོད་སའི་ཁང་པ་ཡོད་པ་བྱས་ཡོད། འདི་ནི“དུད་ཚང་རེར་སྡོད་ཁང་རེའི”ལམ་ལུགས་ཐད་ཀྱི་ཁ་གསབ་གལ་ཆེན་ཞིག་དང་འཐུས་སྒོ་ཚང་དུ་བཏང་བ་ཞིག་རེད། ཞིང་པ་གྲོང་ཁྱེར་གྱི་གྲོང་མིར་གྱུར་ནས་གྲོང་ཁྱེར་ཅན་དུ་འགྱུར་རྒྱུ་དེ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་པོ་ཞིག་ཡིན་པར་གཞིགས་ཏེ། བཅའ་ཁྲིམས་གསར་པའི་ནང་གཏན་འབེབས་བྱས་དོན། རྒྱལ་ཁབ་ཀྱིས་གྲོང་ཁྱེར་དུ་གཞིས་ཆགས་པའི་གྲོང་གསེབ་ཀྱི་གྲོང་མིས་རང་མོས་དང་རིན་ཡོད་སྒོ་ནས་ཁང་ས་ནས་ཕྱིར་འཐེན་ཆོག་པའི་གཏན་འབེབས་འདིས་ཞིང་པར་བཙན་ཤེད་ཀྱིས་ཁང་ས་ནས་ཕྱིར་འཐེན་བྱེད་དུ་འཇུག་པའི་ཞིང་པའི་འདོད་བློ་དང་འགལ་བ་དེ་རིགས་བྱེད་མི་ཆོག་པ་མཚོན་ཡོད། དེ་དང་ཆབས་ཅིག་བཅའ་ཁྲིམས་གསར་པའི་ནང་ད་དུང་ཁང་སའི་ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱ་རྒྱུ་ཁ་གསལ་བཟོས་ནས་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་འཛུགས་སྐྲུན་ས་ཆ་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཞིབ་མཆན་འགོད་དགོས་པའི་གཏན་འབེབས་བྱས་ཡོད།

བཞི་ནི་གཞི་རྩའི་རྨོ་ཞིང་དེ་གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་དུ་རིམ་སྤོར་བྱས་པ་དེ་ཡིན་ཞིང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ས་ཞིང་དོ་དམ་ལམ་ལུགས་ཀྱི་ལྟེ་བའི་ནང་དོན་ཞིག་རེད། སྤྱི་ཚོགས་ཡོངས་ཀྱིས་གཞི་རྩའི་རྨོ་ཞིང་ཡུན་རིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། བཅའ་ཁྲིམས་གསར་པས་དེ་སྔའི་གཞི་རྩའི་རྨོ་ཞིང་དེ་གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་དུ་རིམ་སྤོར་བྱས་པ་དང་འབྲེལ་དམིགས་བསལ་སྲུང་སྐྱོང་བྱས་པ་རེད། དེ་དང་ཆབས་ཅིག་བཅའ་ཁྲིམས་གསར་པའི་ནང་གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་ཁྲིམས་ལྟར་གཏན་འཁེལ་བྱས་རྗེས་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རང་དགར་བཟུང་བའམ་ཡང་ན་སྤྱོད་སྒོ་བསྒྱུར་མི་ཆོག གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་ངེས་པར་དུ་ཞིང་ཁའི་རྣང་མ་བར་དོན་འཁྱོལ་བྱེད་དགོས་པ་དང་། གྲངས་གཞིའི་མཛོད་དུ་བཅུག་ནས་དོ་དམ་ནན་པོ་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གིས་དབྱེ་མཚམས་བཅད་པའི་གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་གིས་སྤྱིར་ན་སྲིད་འཛིན་ས་ཁོངས་དེ་གའི་རྨོ་ཞིང་གི་80%ཡན་ཟིན་དགོས། ཞིབ་ཕྲའི་བསྡུར་ཚད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་རྨོ་ཞིང་གི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། མིག་སྔར་རང་ལྗོངས་ཀྱི་རྨོ་ཞིང་མུའུ་ཁྲི་592ཟིན་ཡོད། གཏན་འཇགས་ཀྱི་གཞི་རྩའི་རྨོ་ཞིང་མུའུ་ཁྲི་503.6ཟིན་པ་དེས་85%བཟུང་ཡོད།

(སྒྱུར་ཞུས་པ་གནམ་ཕྱུག་རྒྱལ་དང་རིག་རྡོར)