《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

སེམས་ནུས་ཡོད་རྒུས་སློབ་ཁྲིད་མཛད། ལྷད་མེད་བརྩེ་བས་སློབ་མ་བསྐྱངས།

—— ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་རྒན་གཡང་འཛོམས་ལགས་ཀྱི་སྐོར་བཀོད་པ།

“དུས་རབས་ཉི་ཤུ་པ་ནི་རླུང་འགུག་ཆར་འབེབས་ཀྱི་དུས་རབས་ཤིག་རེད། སུ་ཡིས་རླུང་བུ་འགུག་པ་དང་སུ་ཡིས་ཆར་པ་འབེབས་དགོས་སམ་ཞེ་ན། དེང་རབས་ཀྱི་ཚན་རིག་ལག་རྩལ་ནི་དུས་རབས་ཉི་ཤུ་པའི་ཁ་ལོ་སྒྱུར་མཁན་རེད” ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་བཞི་པའི་སློབ་ཁང་ནས་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། རྒན་གཡང་འཛོམས་ལགས་ཀྱིས《རླུང་འགུག་ཆར་འབེབས་ཀྱི་དུས་རབས》ཞེས་པའི་སློབ་ཚན་བརྒྱུད། སློབ་མ་ཚོར་མཐོ་གསར་ཚན་རྩལ་ལས་མིའི་རིགས་ཀྱི་འཚོ་བ་དང་འཕེལ་རྒྱས་ལ་བྱུང་བའི་ཤུགས་རྐྱེན་ཆེན་པོ་དང་འགྱུར་ལྡོག་ཆེན་པོ་བརྗོད་བཞིན་མཆིས།

1994ལོར་སློབ་གྲྭ་ཐོན་པའི་གཡང་འཛོམས་ཀྱིས“ཕུལ་དུ་བྱུང་བའི་དགེ་རྒན་ཞིག་བྱས་ནས་མེས་རྒྱལ་གྱི་མེ་ཏོག་མཛེས་ཤོས་སྐྱོང་བའི”ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ཏེ་དགེ་རྒན་གྱི་ལས་གནས་ཐོག་ཏུ་བསྐྱོད། ལས་ཀར་ཞུགས་ཚུན་གཡང་འཛོམས་ཀྱིས་དུས་ཡུན་རིང་པོར་འཛིན་བདག་གི་འགན་ཁུར་ཞིང་། ཐོག་མཐའ་བར་གསུམ་དུ་སློབ་མ་ཨང་དང་པོར་བཞག་པ་དང“སློབ་ཁྲིད་མི་སྐྱོང”རང་འཁྲིའི་ལས་འགན་ལ་བརྩིས་ནས་སེམས་ནུས་ཡོད་རྒུ་སྐྱེས་སུ་ཕུལ།

ད་ལོ་ནི་གཡང་འཛོམས་ཀྱིས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་སློབ་ཁྲིད་བྱས་ནས་ལོ་26སོང་བའི་ལོ་རེད། ཁོང་གིས་ཉིན་ལྟར་སློབ་ཁང་ནང་སྔ་སྣུར་དུ་ཡོང་ནས་ཕྲུ་གུ་ཚོར་སྒུག་ལ། “ངའི་ཕྲུ་གུ་ཚོ་མེ་ཏོག་ནང་བཞིན་མཛེས་པོ་དང་ཤོག་བུ་ནང་བཞིན་དཀར་པོ་ཡོད། ཉིན་ལྟར་ངས་ཁ་བཤད་དཔེ་སྟོན་ལ་བརྟེན་ནས་ཕྲུ་གུའི་ཤེས་རྒྱ་ཆེ་རུ་གཏོང་ཐབས་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས་ཁོང་ཚོ་བག་ཆགས་བཟང་པོ་འཇོག་ཐབས་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

ལོ་གཅིག་གཡང་འཛོམས་ཀྱི་འཛིན་གྲྭར་དམིགས་བསལ་གྱི་སློབ་མ་གསར་པ་ཞིག་སླེབས། ཕྲུ་གུ་དེ་ནི་ཀུན་དང་མཐུན་པོ་མེད་ལ་གཞན་ལ་སྐད་ཆའང་མི་ཤོད་པ་དང་སློབ་ཚན་ཁྲིད་སྐབས་མགོ་གཡེང་ནས་སྡོད་མཁན་ཞིག་ཡོད། དེས་ན་གཡང་འཛོམས་ཀྱིས་རྒྱུན་དུ་རོགས་རམ་གང་ཐུབ་བྱས་པ་དང་། སྐུལ་ལྕག་ཡང་ཡང་བཏང་བ་མ་ཟད། ད་དུང་ཁོམ་པ་བྱུང་མ་ཐག་ཕྲུ་གུའི་ཕ་མ་དང་འབྲེལ་བ་བྱས་ནས་མ་བུའི་བར་གྱི་འགལ་བ་སེལ་ཐབས་ཀྱང་བྱས། གཡང་འཛོམས་ཀྱིས་དུས་ཡུན་རིང་པོ་འབད་བརྩོན་བྱས་པ་བརྒྱུད། ཕྲུ་གུ་དེའི་བློ་བག་རིམ་བཞིན་ཡངས་སུ་སོང་ལ་སྦྱངས་འབྲས་ཀྱང་ལེགས་སུ་སོང་། ཕྱིས་སུ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཕྲུ་གུ་དེ་རང་གི་བློ་ལ་བབས་པའི་སློབ་འབྲིང་ཞིག་ཏུ་རྒྱུགས་འཕྲོད། ལོ་མང་སོང་ཡང་གཡང་འཛོམས་ཀྱིས་མ་བུ་དེ་གཉིས་དང་སྔར་བཞིན་འབྲེལ་བ་བྱེད་བཞིན་ཡོད།

དགེ་རྒན་གྱི་སྤྱོད་ལམ་ཞེས་པ་གང་ལ་ཟེར་རམ། སློབ་མའི་ཁྱིམ་བདག་ཅིག་གི་སྐད་ཆ་དྲངས་ནས་བརྗོད་ན། དགེ་རྒན་གྱི་རྡོ་རྗེ་བྲག་ལྟར་འགྱུར་བ་མེད་པའི་བརྩེ་སེམས་ནི་དགེ་རྒན་གྱི་སྤྱོད་ལམ་རེད།