《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས།

སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་འདམ་གཞུང་རྫོང་དུ་འོས་འགན་སྨན་ བཅོས་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་དེ། ས་གནས་དེ་གའི་མང་ཚོགས་ལ་རིན་མེད་ངང་བདེ་ཐང་བློ་འདྲི་དང་། ནད་བརྟག་སྨན་བཅོས། སྨན་སྤྲོད་པ་སོགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། འདམ་གཞུང་རྫོང་བཅས་ཀྱི་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས་མང་ཚོགས་ལ་ནན་ཏན་ངང་ནད་བརྟག་སྨན་བཅོས་བྱེད་པ་དང་། སྨན་ཐོ་འབྲི་བ། སྨན་སྤྲོད་པ་བཅས་བྱས་པ་དང་ཆབས་ཅིག སྨན་སྤྱོད་སྟངས་དང་འཛེམ་བྱའི་སྐོར་ངང་རྒྱུད་རིང་པོས་མངགས་བཅོལ་བྱས་པས། སྨན་པ་ཚོའི་ཆེད་ལས་དང་། ཞིབ་ཚགས། ངང་རྒྱུད་རིང་པོ་བཅས་ཀྱི་ལས་ཀའི་བྱ་ཐབས་ལ་གྲོང་མི་ཚོའི་བསྔགས་བརྗོད་བཟང་པོ་ཐོབ་པ་རེད།

འོས་འགན་སྨན་བཅོས་བྱེད་རིང་། སེར་ལྟེ་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། གྲོང་ཚོའི་སྨན་པ། བུ་བཅོལ་ཁང་གི་དགེ་རྒན་བཅས་ཀྱིས་སྐད་སྒྱུར་བྱས་ནས། གྲོང་མི་དང་སྨན་བཅོས་རིགས་གཅིག་མཁས་ཅན་དབར་སྤེལ་རེས་ཀྱི་འབྲེལ་ཟམ་ཡག་པོ་བཙུགས་པ་རེད།

གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་མུ་མཐུད་རྫོང་དང་ཆུས་ཁག་ཏུ་བསྐྱོད་དེ། ཐག་རིང་ས་ཁུལ་གྱི་གྲོང་ཚོ་དབུལ་པོའི་མང་ཚོགས་ལ་སྨན་བཅོས་དང་སྨན་སྤྲོད་པ་དང་། བདེ་ཐང་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)