《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ནམ་ཡང་གུས་པར་འོས་པའི་ལས་རོགས་རྙིང་པ་ཞིག

—— ངའི་མིག་དཔེ་བཟང་པོ་རྒད་པོ་བཀྲ་ཤིས་ལགས།

བཀྲ་ཤིས་ལགས་ནི་ངེད་དངུལ་ཁང་ནས་ལས་འཁྱུར་ངལ་གསོ་ཞུས་ཏེ་ལོ་མང་སོང་བའི་བློ་མཐུན་རྒན་གྲས་ཤིག་རེད་ལ། ངའི་ལས་རོགས་རྙིང་པ་ཞིག་ཀྱང་རེད། མི་ཚོས་རྣམ་ཀུན་བཀྲ་ཤིས་ལགས་ཀྱི་སྐོར་གླེང་སྐབས། ཁོང་བསམ་རྒྱུ་ནི་གཞུང་དོན་དང་དྲན་རྒྱུ་ནི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མ་གཏོགས་གཞན་གང་ཡང་མེད་ཟེར། དེ་ཡང་བགྲང་བྱ་ཉི་ཤུ་ལྷག་ཙམ་གྱི་གོང་དུ། བཀྲ་ཤིས་ལགས་ཞིང་ལས་དངུལ་ཁང་གི་ལས་གཉེར་སོའོ་ག་གེ་མོའི་ཀྲུའུ་རེན་གནང་སྐབས། ཁོང་གིས་བདག་དང་འདྲ་བའི་སྐབས་དེའི་ཞིང་ལས་དངུལ་ཁང་གི་ལས་མི་གསར་པ་མང་པོའི་འཚོ་བ་དང་ལས་ཀ་སོགས་ཕྱོགས་གང་ས་ཅི་ཐད་ལ་ངག་འཇམ་ཞི་དུལ་གྱིས་ལྟ་རྟོག་དང་སེམས་ཁུར་ཐེངས་མང་གནང་མྱོང་། མ་གཞི་ཁོང་ལ་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་ཀྱང་། གཞུང་གི་ལས་ཀར་གོང་འོག་མཐུན་སྦྱོར་དང་འབྲེལ་འདྲིས། ལས་སྒོ་དོ་དམ་སོགས་ལ་འཇོན་ཐང་གི་ཁོ་ལག་རྒྱས་པ་ཞིག་རེད།

བཀྲ་ཤིས་ལགས་ཀྱི་ངོས་ནས་བརྗོད་ན། སྤྱི་ལོ་1999ལོ་ནི་བརྗེད་པར་དཀའ་བའི་ལོ་ཞིག་རེད། གོང་གི་གཟིགས་སྐྱོང་སྲིད་ཇུས་འོག ལོ་དེར་ཁོང་ལ་ལས་གནས་ནས་སྐབས་ཤིག་རིང་ཁ་བྲལ་ཏེ་འབྲིང་རིམ་ཆེད་ལས་སློབ་གྲྭ་འགྲིམ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་མོད། འོན་ཀྱང་། གཞི་རིམ་ལས་གཉེར་སོའོ་ལ་ལས་མི་ཁ་ཐང་བས། ཁོང་གིས་སྤྱི་པའི་ཁེ་ཕན་དང་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་རང་གི་མ་འོངས་མདུན་ལམ་དང་འབྲེལ་བ་དམ་ཟབ་ཡོད་པའི་གོ་སྐབས་དེ་རང་འགུལ་གྱིས་བློས་བཏང་སྟེ། མང་ཚོགས་དང་སྤྱི་དོན་དུ་དངུལ་རྩའི་ཞབས་ཞུའི་ལས་སྒོ་སྒྲུབ་གཉེར་ལ་རྩེ་གཅིག་ཏུ་གཞོལ་བ་མ་ཟད། འཚོ་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་པོ་ཡིན་མོད། འོན་ཀྱང་སྡུག་ཡུས་དང་འཁང་ར་སྤུ་ཙམ་ཡང་མེད་པར་དམངས་དང་སྤྱི་པའི་ཁེ་ཕན་གོང་དུ་བཀུར་ཡོད།

ད་ཐེངས་ལོ་ངོ་བཅུ་གྲངས་ཀྱི་རྗེས་སུ་ཡང་བསྐྱར་ཁོང་དང་འཕྲད་སྐབས། ཁོང་གི་སྣུམ་ལ་གནག་པའི་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ལ་གྱུར་འདུག སྐམ་ལ་རིད་པའི་བཞིན་རས་ཀྱང་ལོ་ཟླའི་གཉེར་མས་བཀབ་སྟེ་སྔར་གྱི་བཀྲག་མདངས་དེ་དུས་ཀྱི་ཆོམ་པོས་ཡོངས་སུ་བརྐུས་ཟིན་མོད། ཁོང་གིས་སྔར་ནས་ད་བར་ཞིང་ལས་དངུལ་ཁང་ལ་བཅངས་པའི་ཟོལ་མེད་བརྩེ་སེམས་དང་། དངུལ་རྩའི་བྱ་གཞག་དང་མང་ཚོགས་ཀྱི་ཁེ་ཕན་ཆེད། རང་གི་མདུན་ལམ་ཡང་བློས་གཏོང་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་དེ་ཡིད་ལ་གསལ་ལྷམ་མེར་འཆར་སྐབས། ལོ་ན་བགྲེས་པའི་རྒད་པོ་དེར་བཅོས་མིན་གྱི་དད་གུས་ཤིག་ཀྱང་དབང་མེད་དུ་སྐྱེས་བྱུང་།

དོན་དངོས་ཐོག་མི་ཞིག་ལ་གཞན་དོན་ལ་བརྩོན་པའི་ལྷག་བསམ་དག་པོ་ཞིག་ཡོད་ཚེ། རྩ་བ་བཟང་བའི་ལོ་ཏོག་ལས། རྫོགས་མེད་འབྲས་བཟང་སྨིན་པ་བཞིན། གཞན་དོན་སྣ་རེ་རེ་ནས་མི་དེའི་སེམས་ལ་རྫོགས་མེད་ཀྱི་སྐྱིད་སྣང་རེ་ངེས་པར་འཐོབ་སྲིད། མི་ཚེའི་རིན་ཐང་ནི་རང་གི་མི་ཚེ་ཧྲིལ་པོར་ཁེ་བཟང་ག་ཚོད་རག་མིན་དང་དབང་དང་རྒྱུ་ནོར་ལོངས་སྤྱོད་ག་ཚོད་ཐོབ་མིན་དེ་མ་ཡིན་པར། ཚད་ཡོད་ཀྱི་མི་ཚེའི་ནང་། མང་ཚོགས་དང་སྤྱི་ཚོགས་ལ་ཞབས་འདེགས་ག་ཚོད་ཞུས་ཡོད་མེད་དང་ལེགས་སྐྱེས་ག་ཚོད་ཕུལ་མིན་ལ་རག་ལས་པ་ངས་གསལ་པོ་ཤེས་སོང་།

ཁོ་བོས་ནམ་ཡང་རྒད་པོ་བཀྲ་ཤིས་དང་རྒད་པོ་བཀྲ་ཤིས་ལྟ་བུའི་སྤྱི་ཚོགས་ཀྱི་ལས་རིགས་མི་འདྲ་བ་དང་ཁོར་ཡུག་མི་འདྲ་བའི་ནང་། ལྷག་བསམ་དག་པོས་ཅ་ཅོ་འུད་སྒྲོག་མེད་པར་ཡོད་ཚད་ལེགས་སྐྱེས་སུ་ཕུལ་དང་འབུལ་བཞིན་ཡོད་པའི་ཁོང་རྣམ་པར་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བཞིན་ཡོད།

ཉིན་ལྟར་ཁོང་རྣམ་པའི་ལྷག་བསམ་གྱི་དཔྱིད་རླུང་དྲོན་མོ་དེ་དལ་བུར་ལྡང་དུས། ཁོ་བོའི་སྒེར་སེམས་ཀྱི་འཁྱགས་རོམ་དེའང་རིམ་བཞིན་བཞུར་འགྲོ་གི་འདུག་ལ། དེ་བས་ཀྱང་ཁོང་ཚོས་བཞུད་མྱོང་བའི་རྐང་ལམ་ཕྲ་མོ་རེ་རེ་ནས། གཟི་བརྗིད་ཀྱི་སྒྲོན་མེའི་འོད་མདངས་རེ་རེ་འཕྲོ་སྐབས། ཁོ་བོའི་མདུན་སྐྱོད་ཀྱི་མི་ཚེའི་ལམ་ཕྱོགས་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་གྱུར་གྱིན་འདུག

(ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་ནང་འདོམས་དང་ཁྲིམས་ལུགས་སྒྲིག་མཐུན་པུའུ།

བྱམས་པ་རྒྱལ་མཚན)