《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་བ།

—— ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བཏོད་པའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ཡར་བརྩོན། མི་འདང་བའི་ཆ་གསབ་པ་བཅས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཚོང་འགུགས་ལ་དམ་འཛིན་དང་། རྣམ་གྲངས་འཛུགས་སྐྲུན། ཁོར་ཡུག་ལེགས་གཏོང་། ཞབས་ཞུ་ལེགས་གཏོང་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་བརྩོན་གྱི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱས་པ་རེད།

གསར་གཏོད་འཕེལ་རྒྱས་ཀྱིས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་བ།

རྣམ་གྲངས་འཛུགས་སྐྲུན་ལ་ཚད་བརྒལ་བྱུང་བ་དང་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དུས་འགོའི་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་དང་། ལས་འགོ་ཚུགས་པའི་རྣམ་གྲངས་འགན་ལེན་ལ་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་པ་བཅས་བྱས་ནས་རྣམ་གྲངས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 2019ལོའི་ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་74ནས་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་བྱས་པའི་རྣམ་གྲངས་64ཡོད་པ་རེད། ཁེ་ལས་སྟོབས་ཆེན་བསྡུ་རུབ་ཏན་ཏིག་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཚོང་པར་བརྟེན་ནས་ཚོང་འགུགས་དང་། ཕྱིར་བསྐྱོད་ནས་ཚོང་འགུགས། ཐོན་ལས་འཁོར་འབྲེལ་གྱིས་ཚོང་འགུགས་བཅས་ཀྱི་བྱ་ཐབས་སྣ་མང་མཉམ་དུ་སྤྱད་ནས་ཚོང་འགུགས་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བ་དང་། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་ཀྱི་ཨ་ལི་པཱ་པཱ་ཡི་བོད་ཀྱི་གསར་གཏོད་ལས་གཏོད་རྣམ་གྲངས་ཐོག་མ“ཨ་ལི་སྤྲིན་ཚོམ་རིག་ནུས་གསར་གཏོད་ལྟེ་གནས”བདེ་བླག་ངང་གླིང་ཁུལ་དུ་གཞིས་ཚུགས་པ་དང་ལོ་ཧྲིལ་པོར་རྣམ་གྲངས་112ཚོང་འགུགས་མ་འདྲེན་བྱས་པའི་ཁྲོད་དངོས་ཚན་རྣམ་གྲངས་38ཡོད་པ་རེད།

ཐོན་ལས་བཀོད་སྒྲིག་རྒྱུན་མཐུད་ལེགས་སྒྲིག་བྱས་ནས་ཁེ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཐོན་ལས་གཉིས་པ་དང་གསུམ་པའི་ཐོན་ལས་གྲུབ་ཆས་GDPནང་བཟུང་བའི་བསྡུར་ཚད་ཟམ་མི་ཆད་པར་ལེགས་སྒྲིག་བྱས་པས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་བརྒྱ་ཆའི་གྲངས་3ཙམ་ལས་མཐོ་བ་ཡོད་པ་རེད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་6གསར་འཕར་བྱུང་ནས་རིམ་རྩིས་བྱས་ན་ཁེ་ལས་24ཟིན་པ་དང་། དངོས་གཞིའི་བཟོ་ལས་བཟོ་སྐྲུན་རིགས་ཀྱི་ཁེ་ལས་262བར་མང་དུ་ཕྱིན་པ་དང་། དངོས་གཞིའི་ཁེ་ལས་ཀྱིས་ནོར་སྲིད་ལ་ལེགས་སྐྱེས་འབུལ་ཚད་65%ཡན་བར་འཕར་ཡོད་པ་རེད།

ལྗང་མདོག་འཕེལ་རྒྱས་ཀྱིས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་བ།

ཉེ་བའི་ལོ་ཤས་རིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཆབས་ཅིག འཕེལ་རྒྱས་ཀྱི་སྤུས་ཚད་ལ་རེ་བ་ནན་པོ་འདོན་རྒྱུར་དེ་བས་སྣང་ཆེན་བྱས་ཏེ། ལྗང་མདོག་དེ་ཉིད་འཕེལ་རྒྱས་ཀྱི་རང་མདངས་ཡག་ཤོས་སུ་འགྱུར་བར་བྱས་པ་རེད།

སྣོད་བཅུད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས“ཆུ་དཔོན་ལམ་ལུགས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཤིང་། མིག་སྔར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཐན་ཝུན་གཙང་འགྲམ་སྤྱི་གླིང་དང་། བདེ་ཐང་སྤྱི་གླིང་། གཙང་འགྲམ་སྤྱི་གླིང་། ལྷོ་རིའི་སྔོ་འགྱུར་སོགས་སྣོད་བཅུད་རྣམ་གྲངས་ཁག་གཅིག་སྤྱོད་འགོ་ཚུགས་པ་དང་། Aཁུལ་གྱི་ཆར་ཆུ(བཙོག་ཆུ)མདོང་ལམ་གཙང་གཤོང་དང་། སྟོད་ལུང་གཙང་པོའི་དཔལ་འབྱོར་གསར་སྤེལ་ཁུལ་འགྲམ་གྱི་ཆུ་གཙང་བཟོའི་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱས་པ། མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་ཐལ་རྡུལ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ། བདེ་འཇགས་དང་ལྗང་མདོག་གི་ཨར་ལས་འགན་ལེན་བཅས་བྱས་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ས་གཞི་སྔོན་པོ་དང་། མཁའ་རླུང་གཙང་བ། ཆུ་མོ་དྭངས་བ། ས་རྒྱུ་དག་པ་བཅས་ཡོང་བ་བྱས་པ་རེད།

ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ཤུགས་ཆེན་བྱས་ཤིང་། གླིང་ཁུལ་གྱི་བཅའ་ཞུགས་ཁེ་ལས་ཀྱིས་ནུས་རྒྱུ་དང་ཆུ་གྲོན་ཆུང་གི་སྒྲིག་བཀོད་སྔོན་ལ་ཉོ་སྒྲུབ་བྱེད་པར་སྐུལ་ལྕག་བཏང་སྟེ། ཁེ་ལས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་ཟད་གྲོན་ཆུང་དུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། “དུས་བཀག་ནང་བཅོས་སྒྲིག་བྱེད་པ་དང་། ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་པ། མེད་པར་བཟོ་བ”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ལ་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བྱེད་པ་དང་ཁེ་ལས་98ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་95.62དོན་འཁྱོལ་བྱས་པ་རེད།

མཉམ་སྤྱོད་འཕེལ་རྒྱས་ཀྱིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་བ།

ཁུལ་ཆུང་གི་བུ་བཅོལ་ཁང་གི་བུ་རྫི་ཚེ་དབང་ལྷ་མོས་གསར་འགོད་པར་ཁུལ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་95ཁུལ་ཆུང་འདི་ནས་དོན་མི་དགོས་པར་ནང་ཁུལ་དུ་སློབ་གསོ་དང་ལེན་བྱ་རྒྱུ་བྱུང་བས། བྱིས་པའི་རྨང་གཞིའི་སློབ་གསོ་འགན་ལེན་ཐུབ་སོང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་མཐུན་སྦྱོར་འོག་ཡུལ་གཞན་ནས་གནས་སྤོས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་300ལྷག་ཙམ་གྱི་སློབ་ཞུགས་གནད་དོན་ཚང་མ་ཐག་གཅོད་ཡག་པོ་བྱུང་སོང་ཞེས་བཤད།

ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་ནས། 2019ལོར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“སྟོན་དུས་ལས་མི་བསྡུ་བའི”ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཡག་པོ་འཚོགས་ཤིང་། མི་གྲངས་1589གསར་དུ་ལས་ཞུགས་ཐུབ་པ་དང་རིམ་རྩིས་བྱས་ན་མིག་སྔར་ལས་མི་ཁྲི་1.8ལྷག་ཙམ་ཟིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་391གསར་དུ་ལས་ཞུགས་ཐུབ་པ་དང་རིམ་རྩིས་བྱས་ན་མིག་སྔར་མི་གྲངས་3378ཟིན་པ། ཡུལ་གཞན་དུ་གནས་སྤོས་མང་ཚོགས་1006གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

2019ལོར་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒོར་དུང་ཕྱུར་2རམ་འདེགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་6རྒྱབ་སྐྱོར་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་11.5ཟིན་ཡོད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་མི་རིགས་ཁག་གི་མི་དམངས་ལ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།