《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ཐབས་མཁས་དངོས་སྒྲུབ་ཀྱིས་ཡུལ་མི་སྤུན་ཟླའི་སྣེ་ཁྲིད་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་དུ“ཚོགས་སྒྲིག”རྣམ་པའི་ཁྲོམ་རར་འགྲན་རྩོད་བྱེད་ཕོད་མཁན་ཞིང་འབྲོག་པའི་ཚོགས་པ་ཞིག་ཡོད་ཅིང་། ཁོང་ཚོས་སྔ་རྗེས་སུ་རྟ་རྟོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་དང་། རྟ་རྟོ་ཉི་འོད་འཛུགས་སྐྲུན་ཀུང་སི། རྟ་རྟོ་ཉི་འོད་ངལ་ནུས་མངགས་གཏོང་ཀུང་སི། རྟ་རྟོ་ཉི་འོད་ཨར་ཁང་བཅས་བཙུགས་ཏེ་ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་ཀྱི་ཡིད་དབང་འགུག་པ། སྤྱི་ཕན་ཞལ་འདེབས་རྒྱག་པ་སོགས་ལ་རང་ནུས་ཡོད་རྒུ་འདོན་རྒྱུར་འབད་བཞིན་ཡོད།

ཁྲོམ་རའི་བྱེད་པོ་བཞི་པོ་དེ་དག་གི་རྐང་བདག་ནི་རི་བོ་ཆེ་རྫོང་ལྗིག་སྟོད་ཤང་རྟ་རྟོ་རང་བྱུང་གྲོང་ཚོའི་ཞིང་འབྲོག་པ་28དེ་དག་རེད།

“ང་ཕྱུག་པོ་ཆགས་འདོད་འདུག”2012ལོར་ལོ་30ལྷག་ཙམ་ལ་སླེབས་པའི་རྟ་རྟོ་རང་བྱུང་གྲོང་ཚོའི་གྲོང་མི་འཇམ་དབྱངས་ཚུལ་ཁྲིམས་ལ་ཚོང་ཞིག་བརྒྱབ་སྟེ་འཚོ་བར་འགྱུར་ལྡོག་གཏོང་རྒྱུའི་བསམ་བློ་འཁོར། དེས་ན་མ་དངུལ་ཁ་ཐང་བའི་ཁོང་གིས་གྲོང་ཚོ“ཨུ་ལྷན་གཉིས”ནས་རོགས་རམ་ཐོབ་རེ་བྱས།

ལྗིག་སྟོད་ཤང་ཏང་ཨུད་དང་སྲིད་གཞུང་དང་རྟ་ཕྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལྕག་སྐུལ་དང་བློ་འབྱེད་འོག འཇམ་དབྱངས་ཚུལ་ཁྲིམས་ཀྱིས་འཇམ་དབྱངས་ནམ་མཁའ་དང་འཇམ་རྡོར་སོགས་གྲོང་མི་5ལ་འབྲེལ་བ་བྱས་ཏེ་མི་རེས་མ་དངུལ་སྒོར་ཁྲི་5བཏོན་ནས་ཁྱོན་སྒོར་ཁྲི་30བསྡུས་ཏེ་རྟ་རྟོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་བཙུགས་ནས་རྫོང་གྲོང་དུ་ལྕགས་བཟོ་ལས་སྣོན་ཁང་ཞིག་དང་ཞིང་འཕྲུལ་ཡོ་ཆས་ཕྱིར་ཚོང་ཉམས་བཟོ་ཁང་ཞིག་བཙུགས།

2014ལོར་མཉམ་ལས་ཁང་དེས་རྫོང་གྲོང་དུ་འབྲུ་སྣུམ་ཚོང་ཁང་ཞིག་བཙུགས་ཏེ། ཡུལ་དེ་གའི་རྩམ་པ་དང་ནས་སོགས་འབྲུ་རིགས་ཉོས་ནས་ཕྱིར་བཙོངས་པ་དང་། ཕྱི་ཕྱོགས་ཀྱི་འབྲས་དང་། གྲོ་ཞིབ། ཇ་ལོ་སོགས་དབོར་ནས་དེ་གར་འཚོང་གི་ཡོད། དེ་དང་ཆབས་ཅིག་རོགས་ཟླ་དེ་དག་གིས་འཛུགས་སྐྲུན་ཀུང་སི་ཞིག་ཐོ་འགོད་བྱས་ཏེ། ཞིང་འབྲོག་པ་སྒྲིག་འཛུགས་ཀྱིས་རྫོང་གྲོང་དང་ཐ་ན་སྟེང་ཆེན་དང་མཛོ་སྒང་སོགས་སུ་གླ་པ་བྱེད་པར་མངགས།

2015ལོར་རི་བོ་ཆེ་རྫོང་གིས་སྔོ་ཚལ་དྲོད་ཁང་འདེབས་འཛུགས་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ། མ་དངུལ་སྒོར་ཁྲི་240བཏང་ནས་རྟ་རྟོ་རང་བྱུང་གྲོང་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོ་བརྒྱབ་པ་དང་། དེ་རྟ་རྟོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་གིས་གཉེར་སྐྱོང་འགན་གཙང་བླངས།

2018ལོར་རི་བོ་ཆེ་རྫོང་གིས་མ་དངུལ་སྒོར་ཁྲི་4000ཙམ་བཏང་སྟེ་རྟ་ཕྱིའི་སྡོང་ཕྲུག་ར་བའི་རྟེན་གཞི་ཞིག་བཙུགས། རྣམ་གྲངས་འཛུགས་སྐྲུན་གྱི་ཕྱོགས་ཡིན་པའི་རྟ་རྟོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་གིས་གསོམ་ཤིང་སྡོང་རྐང་ཁྲི་33བཏབ་པ་མ་ཟད། ད་དུང་ཡལ་ག་མང་བའི་རྩི་ཤིང་དང་ཏེའོ་ལན་སོགས་སྡོང་ཕྲུག་གསོ་བའི་ལས་དོན་གྱི་འགན་ཡང་ཁུར་ཡོད། རི་བོ་ཆེའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱ་ཆེད་རོགས་ཟླ་དེ་དག་གིས་ད་དུང་མ་དངུལ་སྒོར་ཁྲི་475བཏང་སྟེ་རྟ་རྟོ་ཉི་འོད་ཨར་ཁང་ཡང་བཙུགས།

2019ལོའི་ཟླ་7པར་ཁོང་ཚོས་སླར་ཡང་མ་དངུལ་སྒོར་ཁྲི་200བཏང་ནས་ངལ་ནུས་མངགས་གཏོང་ཀུང་སི་བཙུགས་ཏེ། ལོ་གཅིག་རིང་རྫོང་གཞན་དག་ལ་ཡུལ་དེ་གའི་ངལ་རྩོལ་ནུས་ཤུགས་40ལྷག་ཙམ་ཕྱིར་གཏོང་བྱས།

མིག་སྔར་མཉམ་ལས་ཁང་གི་རྐང་བདག་དང་ཐོག་མའི་མི་6ནས་ད་ཆའི་28བར་མང་དུ་སོང་བ་དང་ལོའི་ཁེ་བཟང་ཡང་དང་ཐོག་མའི་སྒོར་ཁྲི་5ནས་ད་ཆའི་སྒོར་ཁྲི་500ལྷག་ཙམ་བར་འཕར་ཡོད། རྣམ་གྲངས་དང་འབྲེལ་མཐུད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་20ལ་དུད་ཚང་རེར་ལོར་ཆ་སྙོམས་སྒོར་3800ལྷག་ཙམ་བགོ་འགྲེམས་བྱས་ཡོད།

རྟ་ཕྱིའི་སྡོང་ཕྲུག་རྟེན་གཞི་འཛུགས་སྐབས་མཉམ་ལས་ཁང་གིས་རྣམ་གྲངས་ལ་ཁེ་བཟང་རག་རྗེས་དེའི་ཁྲོད་ནས་5%བཏོན་ནས་ཐོན་ལས་ཀྱི་བགོ་འགྲེམས་རྒྱག་རྒྱུའི་ཁས་ལེན་བྱས། 2019ལོའི་ལོ་མཇུག་ཏུ་ལྗིག་སྟོད་ཤང་གི་དབུལ་སྒྲོལ་མང་ཚོགས་200ལ་མི་རེར་སྒོར་2000གི་བགྲོ་འགྲེམས་ཐོག་མ་དེ་རག་པ་རེད།

ཡུལ་དེ་གའི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་རོགས་རམ་བྱས་ཏེ་དངུལ་སྨར་གྱི་ཡོང་འབབ་མང་དུ་གཏོང་ཆེད། མཉམ་ལས་ཁང་གིས་རྟ་རྟོའི་སྔོ་ཚལ་དྲོད་ཁང་འདེབས་འཛུགས་རྣམ་གྲངས་ནས་གྲོང་མི་4དོ་དམ་མི་སྣར་གདན་དྲངས་པར་མི་རེར་ཟླ་རེར་གླ་ཕོགས་སྒོར་6000ཡོད་པ་དང་། ཞིང་བྲེལ་སྐབས་གྲོང་མི་རོགས་པར་གདན་དྲངས་པར་མི་རེར་ཉིན་རེར་གླ་ཆ་སྒོར་150ཡོད་པ། འཛུགས་སྐྲུན་ཀུང་སིས་རྟ་ཕྱི་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་ལས་གྲྭ་མུ་མཐུད་སྐྲུན་སྐབས་ཡུལ་དེ་གའི་གྲོང་མི་131གླས་ནས་ཁོང་ཚོར་ཉིན་རེར་གླ་ཆ་སྒོར་150ནས་400བར་རིམ་པ་མི་འདྲ་བ་སྤྲད་པ། རྟ་རྟོ་ཉི་འོད་ཨར་ཁང་དུ་ལས་མི་32ཡོད་པའི་ཁྲོད་ནས་30རི་བོ་ཆེ་བ་ཡིན་པ་རེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ན་ནིང་ཁོ་ནར་ཁྲོམ་རའི་བྱེད་པོ་བཞི་པོ་དེ་དག་གིས་རི་བོ་ཆེ་རྫོང་གི་མི(མི་ཐེངས)800གླ་པ་རྒྱུག་པ་དང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

ཕྱུག་པོར་གྱུར་པའི་འཇམ་དབྱངས་ཚུལ་ཁྲིམས་སོགས་ཀྱིས་ཅུང་རྗེས་སུ་ལུས་པའི་ཡུལ་མི་སྤུན་ཟླ་རྣམས་བརྗེད་མེད། 2014ལོར་ཁོང་ཚོས་ལྗིག་སྟོད་ཤང་གི་དུད་ཚང་དབུལ་པོ་192དང་། “འགན་ལེན་ལྔའི་དུད་ཚང”33 དྭ་ཕྲུག་26བཅས་ལ་སྒོར་ཁྲི་4.35རི་བའི་སྲིང་བལ་གྱི་ཉལ་ཆས་དང་། བཟའ་སྣུམ། འཐེན་ཐུག་བཅས་སྤྲད་པ་དང་། 2015ལོར་རྟ་ཕྱི་གྲོང་ཚོའི་དུད་ཚང་740ཡི་གྲོང་མིར་སྒོར་ཁྲི་18རི་བའི་བརྙན་འཕྲིན་དང་གོས་འཁྲུད་འཕྲུལ་འཁོར་སོགས་དངོས་རྫས་ཉོས་པ་ལ་སོགས་དང་། འདི་ལོ་སླར་ཡང་ཧུའུ་པེའི་ཝུའུ་ཧན་གྲོང་ཁྱེར་ལ་སྒོར་ཁྲི་20ཞལ་འདེབས་བརྒྱབ་པ་རེད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་བྱ་ཆེད་མཉམ་ལས་ཁང་དེ་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་ལ་བདམས་པ་དང་། འཛུགས་སྐྲུན་ཀུང་སི་དེ་ཆབ་མདོ་གྲོང་ཁྱེར་གྱི་སྔོན་ཐོན་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་རི་བོ་ཆེ་རྫོང་གི་སྒྲིག་འཛུགས་གསར་གཏོད་ཀྱི་སྔོན་ཐོན་ཚན་པར་བདམས་པ་རེད། འཇམ་དབྱངས་ཚུལ་ཁྲིམས་ལའང་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་ཕུལ་བྱུང་བཅུ་དང་དེ་བཞིན་རི་བོ་ཆེ་རྫོང་གི་ཕུལ་བྱུང་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།