《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང) སློབ་སྤྱིའི(ཡོན་ཀྲང)ཚོགས་འདུ་འཚོགས་པ།

ཏིང་ཡེ་ཤན་དང་ཀྲོང་ཡན་གྱིས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་22ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་19ཉིན། ལྷ་སར་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་སློབ་གཉེར་དང་དོ་དམ་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》དང་རྒྱལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ལ་བཀོད་སྒྲིག་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་དེ་སློབ་འཛུགས་སློབ་གཉེར་གྱི་རྩ་བར་བྱས་ནས་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ་ཏང་གི་དར་ཆ་མཐོན་པོར་སྒྲེང་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། ལས་དོན་གཙོ་བོ་དང་སློབ་ཚན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ། སློབ་གྲྭ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས《སྲོལ་ཡིག》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་དོན་འཁྱོལ་གྱིས་ཏང་མིས་ཏང་གི་སྐད་ཆ་ཤོད་པ་དང་། ཏང་མིས་ཏང་ལ་དགའ་ཞེན་བྱེད་པ། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ་བཅས་དང་དེ་བཞིན་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྙན་གྲགས་སྲུང་སྐྱོང་དང་། ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་། ཏང་གི་སློབ་གྲྭའི་གཟུགས་བརྙན་སྲུང་སྐྱོང་བཅས་བྱེད་དགོས། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)སྣེ་ཁྲིད་སྒྲིག་འཛུགས་དང་། མཛུབ་ཁྲིད་མཐུན་སྦྱོར། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ནུས་པ་བཏོན་ནས་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཀྱི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱིའི་སློབ་གཉེར་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཡག་པོ་གཏོང་དགོས་ཞེས་གསུངས་པ་རེད།

ཀྲོང་ཡན་གྱིས་དུས་དང་རྣམ་པ་ཀུན་ཏུ་ལས་དོན་གང་ཞིག་སྒྲུབ་སྐབས་ཏང་གོང་དུ་བཀུར་བ་དང་ཏང་རྩ་བར་བརྩིས་ནས་གཞི་རྩའི་རྩ་དོན་ཡིན་པའི་ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་དེར་དམ་འཛིན་ཏན་ཏིག་བྱས་ཏེ་དོན་འཁྱོལ་བྱེད་དགོས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)བཅས་རིམ་གསུམ་ཏང་གི་སློབ་གྲྭ་འཛུགས་སྐྱོང་སྔར་བས་ཚད་ལྡན་དུ་བཏང་སྟེ་ལས་དོན་གཙོ་བོ་དང་སློབ་ཚན་གཙོ་བོ་གང་ལེགས་གང་ཡག་སྒྲུབ་པ་དང་། ཚན་ཞིབ་དང་སྲིད་དོན་སྐྱོང་རོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་པ་ཏང་ཡོན་གསོ་སྦྱོང་སོགས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་ཁྲིད་ཚན་ཞིབ་དང་། ཤེས་ལྡན་མི་སྣའི་དཔུང་ཁག མཁྲེགས་ཆས་འཛུགས་སྐྱོང་། གྲོན་དངུལ་འགན་སྲུང་སོགས་ཐད་ལྷག་པའི་ཏང་གི་སློབ་གྲྭའི་ཞིབ་ཕྲའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་ཏང་གི་སློབ་གྲྭའི་སློབ་གཉེར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། 《སྲོལ་ཡིག》གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཏང་གི་སློབ་གྲྭར་དམ་འཛིན་བྱེད་པ་ནི་ཏང་འཛུགས་སྐྱོང་ཡིན་པ་དང་ལས་བྱེད་པར་དམ་འཛིན་དང་ཏང་གི་སློབ་གྲྭ་འཛུགས་སྐྱོང་ཡག་པོ་བྱེད་པ་ནི་སྲིད་རྗེས་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་གི་སློབ་གྲྭ་གཉེར་བ་དང་། དོ་དམ། འཛུགས་སྐྱོང་བཅས་བྱེད་པའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། སློབ་གྲྭའི་ཨུ་ལྷན་གྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱས་ནས་རང་ལྗོངས་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)