《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月23日

རང་ལྗོངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་དུ་ཁྱབ་གདལ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་19ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཟླ་6ཚེས་20ཉིན་ནས་བཟུང་། རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་དུ་ཁྱབ་གདལ་བཏང་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་དུ་ཁྱབ་གདལ་བཏང་ནས་རྒྱལ་ཡོངས་གཅིག་གྱུར་གྱི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས་ནས་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་སྤྲད་དེ་མང་ཚོགས་དང་ཁེ་ལས་ཀྱིས་མཚོན་རྟགས་ལེན་པ་དང་། སྟོན་པ། བེད་སྤྱོད་བཅས་ལ་དེ་བས་སྟབས་བདེ་བསྐྲུན་རྒྱུ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བདག་གིས་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས་སམ་ཡང་ན“འགྲིམ་འགྲུལ་དོ་དམ་12123”གྱི་ལག་ཐོགས་ཁ་པར་APPབརྒྱུད་དེ་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་ལེན་ཆོག ལོ་དྲུག་ནང་ཞིབ་བཤེར་བྱེད་མི་དགོས་པའི་འཁོར་རིགས་ཀྱིས་དྲ་ཐོག་ནས་ཐད་ཀར་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་ལེན་ཆོག

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་ལ་དྲ་ཐོག་ནས་སྟོན་པ་དང་། དྲ་ཕྱི་ནས་སྟོན་པ། པར་འདེབས་བྱས་ནས་སྟོན་པ་བཅས་སྟོན་སྟངས་གསུམ་ཡོད་པས་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་བདག་གམ་ཡང་ན་ཁ་ལོ་བས་ཡུལ་མི་འདྲ་བར་བཀོལ་སྤྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་བླངས་ཟིན་པའི་འཁོར་རིགས་ཀྱིས་མཚོན་རྟགས་རླངས་འཁོར་ཐོག་སྦྱར་དགོས་མེད་པ་དང་། འགྲིམ་འགྲུལ་མི་དམངས་ཉེན་རྟོག་པས་ཁྲིམས་འཛིན་དོ་དམ་བྱེད་སྐབས་ཁྲིམས་འཛིན་གྱི་PDAབརྒྱུད་དེ་འཁོར་རིགས་ཀྱི་ཞིབ་བཤེར་གནས་ཚུལ་ཞིབ་བསྡུར་བྱེད་ཐུབ།

ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང“དྲ་སྦྲེལ་+འགྲིམ་འགྲུལ་དོ་དམ་ཞབས་ཞུའི”ཆུ་ཚད་མཐོ་རུ་གཏོང་ཆེད། སྤྱི་བདེ་པུས་ཁག་གཉིས་ལ་ཕྱེ་ནས་རྒྱལ་ཡོངས་སུ་གློག་རྡུལ་ཅན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་ཁྱབ་གདལ་གཏོང་རྒྱུ་རེད། འཁོར་རིགས་གཏོང་བའི་བརྒྱུད་རིམ་ནང་། འགྲིམ་འགྲུལ་མི་དམངས་ཉེན་རྟོག་པས་ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས་ཁ་ལོ་བས་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་སྟོན་ཆོག་པ་དང་མི་དམངས་ཉེན་རྟོག་པས་ཉེན་དོན་ཁྲིམས་འཛིན་གྱི་མཐའ་སྣེ་ནས་གློག་རྡུལ་དཔང་འཛིན་གྱི་རྩ་གཉིས་ཨང་རྟགས་བཤེར་ཚེ་གློག་རྡུལ་དཔང་འཛིན་གྱི་གོ་ཆོད་རང་བཞིན་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་གནས་ཚུལ་ཤེས་ཐུབ། ཕན་ཚུན་གྲོས་བསྡུར་བྱས་ནས་ཐག་གཅོད་ཐུབ་པའི་རྒྱུ་ནོར་གྱོང་གུན་གྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ། དོ་བདག་གིས“འགྲིམ་འགྲུལ་དོ་དམ་12123”གྱི་ལག་ཐོགས་ཁ་པར་APPབརྒྱུད་དེ་ཕར་ཕྱོགས་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་དཔང་འཛིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་འཁོར་རིགས་ཞིབ་བཤེར་གྱི་གོ་ཆོད་དུས་བཀག་ནང་ཡིན་མིན་གཏན་འཁེལ་བྱེད་ཆོག དེ་དང་ཆབས་ཅིག ཁ་ལོ་བས་འགན་བཅོལ་ཀུང་སིའི་གུན་གསབ་མི་སྣར་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་བསྟན་ནས་འཁོར་རིགས་ཀྱི་འགན་བཅོལ་གུན་གསབ་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་ཆོག འགན་བཅོལ་ཀུང་སིའི་གུན་གསབ་མི་སྣས“འགྲིམ་འགྲུལ་དོ་དམ་12123”གྱི་ལག་ཐོགས་ཁ་པར་གྱི་APPབརྒྱུད་དེ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་དཔང་འཛིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་འཁོར་རིགས་དེ་ཞིབ་བཤེར་གྱི་གོ་ཆོད་དུས་བཀག་ནང་ཡིན་མིན་གཏན་འཁེལ་བྱེད་ཆོག