《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

བོད་ཀྱི་མནའི་རིག་གནས་སྐོར་རགས་ཙམ་གླེང་བ།

དཔྱད་རྩོམ་འདིར་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མནའ་དང་འབྲེལ་བའི་ཡིག་ཆ་དག་སྔོག་འདོན་བྱས་ཏེ། མནའི་བྱུང་བ་དང་འཕེལ་འགྱུར། མནའ་ཚིག་གི་དབྱེ་བ་སོགས་ལ་དཔྱད་པ་ཕྲན་ཙམ་བཏང་ཡོད། སྤྱིར་བོད་མི་བྱིངས་ཀྱི་ཁར་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཞེས་པའི་གཏམ་དཔེ་ཀུན་ལ་གྲགས་མོད། བོད་ཚིག་ཐོག་ཞེས་པ་ཡང་ཚིག་ཁོ་ན་ཙམ་མིན་པར། ཚིག་གང་ཞིག་བརྗོད་པའི་མཐར་མནས་བསྒགས་ཚེ་ད་གཟོད་འགྱུར་དུ་མི་རུང་པ་ཞིག་ཡིན་པའི་ཚུལ་ནི། ང་ཚོས་ད་ལྟ་མཐོང་དུ་ཡོད་པའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་དང་། རྡོ་རིང་སོགས་ཀྱི་ཡིག་ཆ་ལས་ཀྱང་གསལ་པོར་མཐོང་ཐུབ་པ་བཞིན། གནའ་སྔ་མོའི་དུས་སུ་རྒྱལ་ཁབ་ཕན་ཚུན་དབར་དང་རྒྱལ་བློན་ཕན་ཚུན་དབར་ལ་ཡང་ཚེ་ཚེ་རབས་རབས་སུ་འགྱུར་དུ་མི་རུང་པའི་དོན་རླབས་པོ་ཆེ་གང་ཞིག་ཐག་གཅོད་དུས་ཀྱང་མནའ་གན་བཞག་སྟེ་དམ་བཅའ་བར་མ་ཟད། ད་ལྟའི་ཆར་ཡང་མི་སྡེ་ཚོ་ཁག་ཕན་ཚུན་དང་མི་སྒེར་གྱི་གྱོད་དོན་ཕྲ་མོ་ཙམ་སྡུམ་པར་ཡང་མནའ་བཞག་ནས་ཕ་རོལ་པོ་མནའ་ཡར་བསྒྱུར་བའི་རིག་གནས་ཀྱི་རྒྱུན་མ་ཆད་པར་གནས་པ་འདིས། མཁས་དབང་དགེ་ཆོས་མཆོག་གིས་གཏམ་རྒྱུད་གསེར་ཐང་དུ་བོད་པ་རྣམས་ནི“ལུས་རྩལ་ཆེ་ཞིང་གཡོ་སྒྱུ་ཆུང་བ། ངང་ཚུལ་བརྟན་ཅིང་མནའ་ལ་བརྩི་བ།”ཞེས་གསུངས་པ་བཞིན། མནའ་ནི་བོད་ཀྱི་ལོ་རྒྱུས་ལས་བྱུང་སྔ་ཞིང་མནའ་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་ནི་བོད་མི་ཀུན་གྱི་སེམས་སུ་བྲག་ལ་ཕུར་བ་བཏབ་པ་བཞིན་དམ་དུ་ཟུག་ཡོད་དོ།

དང་པོ། མནའི་གོ་དོན་སྐོར་བཤད་པ།

ལར་མནའ་ཞེས་པར་དག་ཡིག་གསར་བསྒྲིགས་སུ“དཔང་པོའི་མདུན་དུ་དམ་བཅས་པའི་ཚིག་གི་མིང”ཞེས་དང་གཞན་དུ“རྟེན་གསུམ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་ལ་མནའ་ཞེས་བྱ”ཞེས་བྱ་བ་དང“གདོད་མའི་མི་རྣམས་ཀྱིས་མིའི་གདོང་ན་དྲང་པོར་གནས་པའི་སྣ་ལ་དཔེ་བཞག་ནས་བཏགས་པ་དེ་རིམ་པས་མནའ་ཞེས་པར་འཕོ་འགྱུར་བྱུང་བ་ཡིན”ཞེས་ཀྱང་ཟེར་བ་སོགས་འགྲེལ་ཚུལ་རེ་འགའ་ཡོད་མོད། དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསལ་བ་རུ“དམ་བཅའ་དང་དམོད་འཛུགས་པ་ལ་གོ་བར”གསུངས་ཡོད་པ་དང་འདིར་ཀུན་གྱིས་མགྲིན་གཅིག་ཏུ་མནའ་ཞེས་བརྗོད་ཀྱིན་པ་འདིའི་འཕེལ་འགྱུར་དང་བྱེད་ནུས་སོགས་ཡོངས་སུ་འདུས་ཤིང་དེ་ཁོ་ན་ཉིད་སྟོན་པར་ནུས་པའི་གོ་དོན་ཞིག་འཇོག་པར་བརྩོན་པ་ལ། ཏུན་ཧོང་བོད་ཡིག་ཤོག་དྲིལ་དང་རྡོ་རིང་གི་ཡི་གེ་སོགས་སྔ་རབས་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་དག་དང་དེའི་རྗེས་ཀྱི་གཞུང་ཡིག་སོགས་ལ་ཞིབ་ཏུ་བརྟག་ཚེ། མནའ་ཞེས་པ་ནི་མནའ་སྒོག་མཁན་གང་དེའི་རེ་འདོད་ལྟར་མཐུ་དང་ནུས་པ་རང་ཉིད་ལས་འགོངས་པར་འདོད་པ་ཞིག་དཔང་དུ་བཞག་ནས། ད་ལྟ་ཐག་བཅད་པའི་དོན་གང་ཞིག་ཕྱིས་འགྱུར་དུ་མི་རུང་བའམ་མི་འགྱུར་བར་དམོད་པའི་ཚིག་དང་བཅས་ཏེ་དམ་བཅས་པའམ་ཁས་བླངས་པའི་ཁ་དན་ཞིག་ལ་ཟེར་བར་འདོད་དོ།

གཉིས་པ། མནའ་ཚིག་གི་སྐོར་བཤད་པ།

མནའ་ལས་ཆེས་གལ་ཆེ་ཞིང་མེད་དུ་མི་རུང་པའི་མནའ་ཚིག་དང་མནའ་རྟེན་གྱི་སྐོར་བརྗོད་ན་ནི། མནའ་ཚིག་ནི་མནའ་འཇོག་པའམ་མནའ་སྐྱེལ་སྐབས་ངག་ནས་བརྗོད་པའི་གཏམ་སྟེ། དམ་བཅས་པའི་ཚིག་གི་མིང་ལ་མནའ་ཚིག་ཅེས་བརྗོད་ཆོག་པར་འདོད་ལ། མནའ་རྟེན་ནི་མནའ་འཇོག་སྐབས་དཔང་དུ་འཇོག་རྒྱུའི་ཉི་ཟླ་སྐར་གསུམ་ལྟ་བུའི་དཔང་པོ་ལ་ཟེར། ལོ་རྒྱུས་དང་རིག་གནས་འཕེལ་འགྱུར་གྱི་གོ་རིམ་ལས་མནའ་ཚིག་དང་མནའ་རྟེན་ལ་ཡང་འཕེལ་འགྱུར་མང་པོ་བྱུང་ཡོད་དེ། བོད་དུ་དུས་རབས་མི་འདྲ་བར་མནའ་ཚིག་དང་མནའ་རྟེན་ལ་ཡང་ཁྱད་པར་ཡོད་པ་མ་ཟད། ས་གནས་སོ་སོའི་མནའ་རྟེན་ལ་ཡང་ཁྱད་པར་ཡོད། འདི་ལས་མནའ་དང་བོད་ཀྱི་དད་མོས་རིག་གནས་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དད་མོས་ཀྱི་འཕེལ་འགྱུར་དང་བསྟུན་ནས་མནའ་རྟེན་ལ་ཡང་འགྱུར་བ་འགྲོ་བཞིན་པའི་གནས་ལུགས་རྟོགས་ཐུབ།

དེ་ཡང་ཞིབ་ཏུ་རིགས་དབྱེ་ནས་བརྗོད་ན་བོད་ཀྱི་མནའ་ཚིག་ལ་རིགས་གཉིས་ཙམ་ཡོད་དེ།

གཅིག་ནི་རང་བྱུང་ཁམས་དང་འབྲེལ་བའི་མནའ་ཚིག དཔེར་ན། ཉི་ཟླ་སྐར་གསུམ་དང་། རི་བྲག་མཚོ་གསུམ་སོགས་དཔང་དུ་བཞག་པའི་མནའ་ཚིག འདི་ནི་བོད་བཙན་པོའི་སྐབས་ཀྱི་མནའ་ལས་མང་དུ་བྱུང་ཞིང་། མི་རྣམས་རང་བྱུང་ཁམས་ལ་དད་པ་ཤུགས་དྲག་ཡོད་པའི་དུས་སྐབས་ཀྱི་མནའ་ཚིག་ཡིན།

གཉིས་ནི་མི་སྣ་དང་འབྲེལ་བའི་མནའ་ཚིག་སྟེ། རང་གི་ཕ་མ་དང་རང་ཉིད་དད་སའི་མི་སྣ་གང་རུང་སོགས་མནའ་རྟེན་དུ་བྱེད་པ་སྟེ། འདི་ཡང་རང་ཉིད་ལ་ཆེས་དྲིན་ཆེ་བ་དང་མི་བསླུ་བའི་སྐྱབས་དང་དཔུང་གཉེན་གང་ཞིག་མནའ་རྟེན་དུ་བཟུང་བས་དད་མོས་ཀྱི་ལྟ་བ་དང་འབྲེལ་བ་དམ་པོ་ཡོད་པ་དང་། དེ་བཞིན་མིའི་རིགས་ཀྱི་དད་མོས་དང་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་མི་འདྲ་བ་དང་ཡང་ན་མི་སྒེར་གྱི་དད་མོས་ཀྱི་རྟེན་མི་འདྲ་བ་སོགས་ཀྱི་རྐྱེན་གྱིས་མནའ་རྟེན་ཡང་མི་འདྲ་བ་བྱུང་ཡོད་དོ།

གསུམ་པ། མནའ་འཇོག་སྟངས་སྐོར་བཤད་པ།

ང་ཚོས་སྔོན་གྱི་ཡིག་ཆ་མང་པོ་ལས་ཀྱང་མཐོང་ཐུབ་པ་བཞིན་ལོ་རྒྱུས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་། མནའ་སྐྱེལ་སྟངས་ནི་ད་ལྟ་ནང་བཞིན་ཚིག་རེའི་རྗེས་སུ་མནའ་རེ་རང་བཞིན་གྱིས་སྐྱེལ་བ་འདི་ལྟ་བུ་ཞིག་མ་ཡིན་པར། “མནའ་སྒོག་སྲིན་པོ་འདྲ། མནའ་སྐྱེལ་བག་མ་འདྲ”ཞེས་པ་བཞིན། ནམ་རྒྱུན་མནའ་སྐྱེལ་བ་ནི་འཛེམ་བྱའམ་ཅུང་རྒྱུན་ལྡན་མ་ཡིན་པའི་དོན་ཞིག་ཏུ་བརྩིས་ནས་མནའ་སྒོག་མཁན་མ་བྱུང་ཚེ་རང་བཞིན་གྱིས་མི་སྐྱེལ་ཞིང་། མནའ་སྒོག་ན་ཡང་དོན་གལ་ཆེན་ཞིག་གི་སྐབས་མ་གཏོགས་སྒོག་མི་རུང་། དེའི་ཕྱིར་མནས་བོད་མི་རིགས་ཀྱི་ལོ་རྒྱུས་རིང་མོའི་ནང་མཐོ་སྲིད་དོན་ནས་དམའ་འབངས་ཀྱི་གྱོད་དོན་སོགས་གང་གི་སྐབས་ཀྱང་བེད་སྤྱོད་བཏང་སྟེ་དོན་ཆེ་ཕྲ་མང་པོ་ཞིག་ཐག་གཅད་པ་ལ་ཆར་པ་ཆུ་འགྲོགས་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་བཞིན་ཡོད་པས། མནའ་འཇོག་སྟངས་ཐད་ལ་ཡང་སྒྲིག་སྲོལ་ངེས་ཅན་ཞིག་བྱུང་ཡོད་པ་རེད།

བོད་མི་རིགས་ཀྱི་མནའ་འཇོག་སྟངས་སྐོར་ལ། ནམ་མཁའི་ནོར་བུ་ལགས་ཀྱིས་བྲིས་པའི་བྱང་འབྲོག་གི་ལམ་ཡིག་ལས་བོད་བྱང་ཐང་གི་འབྲོག་རྣམས་ཀྱིས“མནའ་འཇོག་གལ་ཆེའི་རིགས་བྱེད་དགོས་ཚེ། ཀོ་དམར་ཁྲག་བརྫིས་ཞེས་པའི་མནའ་འཇོག་སྲོལ་འདུག་ཅིང་། དེའི་སྤྱོད་ཚུལ་ནི། ཡུལ་སྡེའམ་ཤོག་ཁ་ཕན་ཚུན་གྱི་རྒན་པོ་རྣམས་གནས་ཤིག་ཏུ་ལྷན་དུ་འདུས་ཤིང་། གཡག་གི་ཀོ་བ་རློན་པ་ཁྲག་དམར་དང་བཅས་པ་ཞིག་ཐང་མར་བཏིང་བའི་སྟེང་དུ་རྒན་པོ་ཇི་ཙམ་ཡོད་པ་དེ་ཐམས་ཅད་ཀྱིས་རྐང་རྗེན་མར་མཉམ་དུ་བརྫིས་ཀྱི་ཡོད་ཅིང་། ལག་གཡས་ཀྱི་མཛུབ་མོ་རྣམས་ལྕགས་ཀྱུ་ལྟར་བཀུག་པ་ཕན་ཚུན་བསྣོན་ནས་སྐབས་ཀྱི་བརྗོད་བྱའི་དོན་གང་ཡིན་གསལ་པོར་སྨོས་རྗེས་ཇི་སྲིད་གནམ་མ་འཇིག་ས་མ་སྟོང་གི་བར་དུ་མི་འགལ་ཞེས་རྒན་པོ་རེ་རེ་བཞིན་བརྗོད་ཅིང་། ཡུལ་སྡེ་སོ་སོའི་ཡུལ་ལྷ་གཞི་བདག་རྣམས་དཔང་དུ་འཛུགས་སྲོལ་ཡོད་པ་རེད”ཅེས་བརྗོད་པ་ཡང་གནའ་བོའི་མནའ་འཇོག་པའི་སྲོལ་རྣམས་མ་ཉམས་པར་གནས་པའི་རྣམ་པ་ཞིག་ཡིན་ལ་ད་ལྟའི་མཚོ་སྔོན་གྱི་ལྷོ་རྒྱུད་ཀྱི་ས་ཆ་ལ་ལར་ཡུལ་ལྷ་གཞི་བདག་ལ་མཆོད་པའི་བསང་ཕུད་ཅིང་སྐབས་དོན་གང་ཡིན་པ་གསལ་པོར་བརྗོད་ནས་མནའ་སྐྱེལ་སྲོལ་ཡོད། དམངས་ཕལ་པའི་མནའ་འཇོག་སྲོལ་གྱི་གོ་རིམ་ནི་ཅུང་སྟབས་བདེ་ཡིན་པར་མངོན་ནོ།

མནའ་འཇོག་པའི་ལུགས་སྲོལ་འདི་བོད་ཀྱི་སྤྱི་ཚོགས་ཁྲོད་དར་ཞིང་རྒྱས་པར་གྱུར་པས། དེར་མཐུན་གྱི་མནའ་འཇོག་པའི་སྒྲིག་སྲོལ་ཡང་མང་པོ་བྱུང་ཡོད་དེ། ཞལ་ལྕེ་བཅོ་ལྔའི་ཁྲོད་ཀྱི་བསྙོན་ཏོལ་མནའ་བཀར་གྱི་ཞལ་ལྕེ་སོགས་ལས་མནའི་སྤང་བྱ་བཞི་དང་དགོས་པ་བཞི་སོགས་མནའི་སྐོར་གྱི་སྒྲིག་སྲོལ་དག་གཏན་ལ་ཕབ་ཡོད་པ་དང་། དེ་ལས་དགོས་པ་བཞི་བསྟན་པ་ནི“དཀར་མི་རྒྱུད་དཀར་གཅིག དགྲ་དཀར་གཅིག གཉེན་དཀར་གཅིག ཟུར་གཅིག་དང་བཞི་དགོས་ཏེ”ཞེས་གསལ་བའི་དོན་གང་ཡིན་ཡང་གསལ་པོར་རྟོགས་དཀའ་མོད། མགོ་མཇུག་གི་ཚིག་དང་སྦྱར་ནས་དཔྱད་པ་བཏང་ན། མནའ་སྐྱེལ་བའི་དོན་དེར་རྒྱུས་ཡོད་པའི་མི་བདེན་པ་སྐྱོང་མཁན་གཅིག་དང་། དགྲ་ཕྱོགས་ཀྱི་མི་བདེན་པ་སྐྱོང་མཁན་གཅིག གཉེན་ཕྱོགས་ཀྱི་མི་བདེན་པ་སྐྱོང་མཁན་གཅིག དེ་ལས་གཞན་པའི་བདེན་པ་སྐྱོང་མཁན་གྱི་མི་གཅིག་བཅས་ཕན་ཚུན་ལ་ཕྱོགས་རེས་དང་འཐེན་འཁྱེར་མེད་པའི་མི་དཀར་བཞིའི་ལྟ་རྟོག་འོག་མནའ་སྐྱེལ་དགོས། མནའ་སྐྱེལ་སྐབས་ལུས་སྟེང་དུ་རྒྱན་ཆ་དང་མཚོན་ཆ། སྲུང་འཁོར་སོགས་འདོགས་མི་རུང་བར་མ་ཟད། ད་དུང་མནའ་ཚིག་ངག་ནས་བརྗོད་སྐབས་ཀྱང་ཁ་གསལ་སྨྲ་དག་ཡིན་དགོས་པའི་སྐོར་གསལ་པོར་བསྟན་ཡོད། དེ་ལས་གཞན་མནའ་རིན་ཞེས་མནའ་སྒོག་ཡུལ་ལ་རྟ་ནོར་ལུག་གསུམ་དང་ཡང་ན་ཆོས་ཀྱི་གླེགས་བམ་སོགས་བྱིན་ནས་མནའ་སྐྱེལ་མཁན་ལ་དགོངས་དག་ཞུ་བའི་ཚུལ་གྱི་དངོས་པོ་སྟེར་སྲོལ་ཡང་ཡོད་པ་སོགས། བོད་ཀྱི་ཡུལ་ལུང་མི་འདྲ་བ་དུ་མར་མནའ་འཇོག་སྲོལ་མི་འདྲ་བ་མང་པོ་ཡོད་པར་མ་ཟད། ཡུལ་ལུང་རེ་འགར་ད་དུང་ཡང་འདི་ལྟ་བུའི་མནའ་འཇོག་སྲོལ་གྱི་རྣམ་པ་དང་སྒྲིག་སྲོལ་མ་ཉམས་པར་ཡོད་དོ།

(ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་2018ལོའི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཁོན་ཐར་རྒྱལ། ལས་གཞིའི་རྣམ་གྲངས་ཨང་རྟགས། 31920180104)