《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

དར་ གོས་ ཀྱི་ གསང་ བ།

དར་གོས་ནི་དར་འབུས་སྐྱུགས་པའི་དར་སྐུད་ཡིན་པར་གྲགས་ཤིང་། སྔ་མའི་གོས་ཆེན་ཐོན་ཡུལ་ནི་སྟག་གཟིག་སོགས་ནས་ཡིན་པ་དང་ཧན་རྒྱལ་རབས་ཀྱི་དུས་ནས་བཟུང་ནན་ཅིང་དང་། ཧང་ཀྲོའུ། སུའུ་ཀྲོའུ་སོགས་ནས་ཐོན་པའི་ནང་སའི་གོས་ཆེན་བོད་དུ་དར་འགོ་ཚུགས་པ་དང་ད་དུང་རི་པིན་དང་། ཨུ་རུ་སུ། སོག་པོ་སོགས་ནས་ཐོན་པ་ཀྱང་ཉུང་ཤས་ཡོད་པ་རེད། ལྷག་དོན་དུ་རྒྱ་བཟའ་ཀོང་ཇོ་བཙན་པོ་སྲོང་བཙན་སྒམ་པོའི་བག་མར་ཕེབས་སྐབས་བཙན་པོར་གོས་ཆེན་འཚེམ་དྲུབ་ཀྱི་ན་བཟའ་དང་། བཞུགས་གདན། བེར་ཆེན་བཅས་མང་པོ་ཕུལ་བས་རྒྱལ་བློན་རྣམས་གོས་ཆེན་གྱི་ན་བཟའ་གྱོན་སྲོལ་དར་བ་དང་སྐབས་དེའི་གོས་ཀྱི་བཟོ་དབྱིབས་ནི་དེང་སང་གི་དབྱི་ལང་སྟེ་སྟག་གཟིག་རྒྱལ་ཁབ་ཀྱི་གྱོན་གོས་དང་འདྲ་བར་བཤད། ཕྱིས་སུ་བཙན་པོའི་རྒྱལ་རྒྱུད་སྟོབས་ཆེར་ཕྱིན་པའི་མཐུན་རྐྱེན་འོག་ཏུན་ཧོང་དུ་བོད་ཀྱི་དར་ལས་གྲོང་ཚོ་ཞེས་པ་ཞིག་བཙུགས་ནས་བོད་ལ་མཁོ་བའི་དར་གོས་ཐོན་སྐྱེད་བྱས་པ་ལོ་རྒྱུས་ཡིག་ཆའི་ཐོག་གསལ་པོར་འཁོད་ཡོད། དེ་རྗེས་ཀྱི་ལོ་ཟླའི་ནང་ས་སྐྱ་པ་དང་ཡོན་རྒྱལ་རབས་འབྲེལ་བ་བྱུང་རྗེས་གོས་ཆེན་ལས་བཟོས་པའི་ཧོར་གོས་ཀྱི་རིགས་མང་པོ་དར་བ་དང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཡང་གོས་ཆེན་མང་པོ་བོད་དུ་འབྱོར་བས་ས་སྐྱའི་བླ་དཔོན་དང་། ཀརྨ་པ་སྐུ་ཕྲེང་རིམ་བྱོན། ཕག་གྲུ་སྡེ་སྲིད། འབྲི་གུང་དང་ཚལ་པའི་དཔོན་ཆེན། བོད་ཀྱི་བླ་ཆེན་ཁག་སོགས་ཀྱིས་ཀྱང་རྒྱ་སོག་གི་དཔོན་ཆེན་ཚོའི་ཆས་གོས་དང་འདྲ་བའི་གོས་ཆེན་གྱོན་སྲོལ་དར་ཡོད།

རིགས་མང་བའི་གོས་ཆེན།

དར་གོས་ནི་རྒྱུ་སྤུས་ལེགས་ལ་རི་མོ་ཕུན་སུམ་ཚོགས་པ་དང་གྱོན་སྐབས་ཡང་མཛེས་ཉམས་ལྡན་པས་ལོ་རྒྱུས་ཐོག་གྱོན་གོས་མཆོག་ཏུ་གྱུར་བར་བརྩི་གི་ཡོད་ལ་རིགས་ཀྱང་ཕུན་སུམ་ཚོགས་པོ་ཡོད་དེ་རྒྱན་བཞི་འབྲུག་ཆེན་འབྲུག་ཆུང་དང་། མ་ནུ། མ་ནུ་འབྲུག་ཆུང་། བཅད་ལྡན། རྒྱ་སེ། སྟག་ཤུན། དེང་ཕོན། བཀྲལ་བཏག ཁ་ཏི། སེའུ། མཛོད་གོས། རྒྱ་ཁྲ། ད་དུང་ཏཱ་ཧུན་དང་། ཐོན་ཐི། མང་ནོག ཏིང་ཕོན་སོགས་ཡོད་པ་མ་ཟད། ཁག་གཅིག་ལ་དུས་རབས་ཀྱི་རྟགས་ཐམ་ཡང་གསལ་པོ་ཡོད་པ་དཔེར་ན། ཏཱ་ཧུན་དང་། ཁ་ཏི། ཏིང་ཕོན་སོགས་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་ཐོན་པ་ཞིག་ཡིན་པ་དང་། མིང་རྒྱལ་རབས་ཀྱི་དུས་སུ་ཏཱ་ཞུན་དང་། ཐོན་ཐི། རྒྱལ་བཞི་འབྲུག་ཆེན་སོགས་ཐོན་ཡོད། ཡང་ཆིང་རྒྱལ་རབས་ཀྱི་དུས་སུ་ཡོན་གྱི་གོས་ཆེན་ལ་འདྲ་བཟོ་བྱས་པ་ཁ་ཤས་ཕུད། པདྨ་རྒྱ་བྱ་དང་། རྒྱན་བཞི་འབྲུག་ཆུང་། མ་ནུ་འབྲུག་ཆུང་། ཅོན་ཏན། རྒྱ་སེ་སོགས་ཐོན་ཡོད་པ་རེད། ལྷག་དོན་མིང་རྒྱལ་རབས་ཀྱི་དུས་ཁོ་ནར་གོས་ཆེན་རིགས་སུམ་བརྒྱ་ཙམ་དར་ཡོད་པར་གྲཌ། འོན་ཀྱང་ལོ་རྒྱུས་ཐོག་གི་གོས་ཆེན་ལ་སྤུས་ཚད་ཀྱི་དབྱེ་བ་ཆེན་པོ་ཡོད་པ་མ་ཟད། དཔོན་ཆེན་གྱི་ན་བཟའ་འབྲུག་ཚངས་འཁོར་སོགས་དང་བླ་ཆེན་ཁག་གི་ན་བཟའ་རྡོ་རྗེ་རྒྱ་འགྲམ་སོགས་ཀྱིས་བརྒྱན་པ་དང་། གོས་ཆེན་དཀྱུས་མར་ཡང་རང་རང་གི་ཁམས་དང་མོས་པ་ལྟར་གྱི་རི་མོ་གདམ་ག་བྱ་ཡུལ་སྣ་ཚོགས་ཡོད་པ་རེད།

དར་གོས་ལས་གྲུབ་པའི་རིག་དངོས་ཤུལ་བཞག

ཉེ་བའི་ལོའི་ནང་གནའ་རྫས་རྟོག་ཞིབ་བྱེད་ཤུགས་ཆེ་རུ་ཕྱིན་རྐྱེན། ཤིན་ཅང་དང་མཚོ་སྔོན་གྱི་གཏེར་ཁའི་རྒྱུད་ཀྱི་བཙན་པོའི་དུས་ཀྱི་བང་སོ་ནས་འཐག་དྲུབ་ཀྱི་དར་གོས་གྱོན་པ་མང་པོ་ཐོན་པ་ཡོངས་གྲགས་ལྟར་ཡིན་པ་དང་། ལྷག་དོན་རང་རྒྱལ་གྱི་རིག་གཞུང་ལས་རིགས་པ་མང་པོས་ཨ་རིའི་བཤམས་མཛོད་ཁང་དུ་བོད་བཙན་པོའི་དུས་ཀྱི་དར་གོས་ལས་བཟོས་པའི་ཕྲུ་གུའི་སྟོད་གོས་དང་སྨད་གཡོག་སྦྱར་མ་འགའ་མཐོང་ཐོས་བྱུང་ནས་དེའི་ཐད་ཀྱི་ཆེད་རྩོམ་ཡང་བཏོན་ཡོད། བོད་ལ་མཚོན་ན་མིང་གྲགས་ཀུན་ལ་ཁྱབ་པའི་གོས་ཆེན་གྱི་ཤུལ་བཞག་གྲས་སུ་དུས་རབས་བཅོ་ལྔ་པར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་པའི་གོས་སྐུ་ཆེ་མོ་མཐོང་བར་རང་གྲོལ་དེ་ཡིན་ཞིང་། དེ་ནི་དེ་སྔ་བོད་ཀྱི་གོས་སྐུ་སྔ་ཤོས་དང་ཆེ་ཤོས་སུ་གྲགས་ཤིང་། དེར་གོས་ཆེན་སྣ་ཚོགས་ཡུག་བརྒྱ་དང་ལྔ་བཅུ་ཙམ་སྤྱད་ནས་འཚེམས་བཟོ་བ་37གྱིས་ཉིན་27རིང་བཟོས་ཤིང་། ད་ཆའང་དཔལ་ཆོས་དགོན་དུ་ཉར་ཚགས་བྱས་ཡོད་པར་གྲགས། གོས་ཆེན་ལས་བཟོས་པའི་ཡོལ་བ་འཚེམ་དྲུབ་མ་སྔ་ཤོས་ནི་དུས་རབས་བཅུ་དྲུག་པའི་དུས་འགོར་སྡེ་པ་རིན་སྤུངས་པའི་དུས་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་ཞལ་བཀོད་གནང་ནས་བཟོས་པའི་རིགས་ལྡན་ཡོལ་བ་ཞེས་པ་ཤམ་བྷ་ལའི་རིགས་ལྡན་རྒྱལ་པོ་ཉེར་ལྔའི་སྐུ་བརྙན་ཡོད་པའི་མཐོ་ཚད་ལ་ཐོག་སོ་གཉིས་ཙམ་དང་ཞེང་ཚད་ལ་ཀ་བ་ཉི་ཤུ་རྩ་བཞིའི་རྒྱ་ཁྱོན་ཡོད་ཅིང་། ཕྱིས་སུ་གུ་ཤྲི་ཧན་གྱིས་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་གཏོར་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་བས་ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་གདན་ས་གསུམ་ལ་ཕེབས་སྐབས་འགྲེམས་སྲོལ་ཡོད། ད་ཆ་ཕོ་བྲང་པོ་ཏ་ལར་ཡོད་སྐད་འདུག ད་དུང་ཕོ་བྲང་པོ་ཏ་ལར་ཡོད་པའི་མཆོད་རྫས་སྣ་ཚོགས་དང་། བཀའ་བསྟན་གྱི་ཞལ་ཁེབས། ཞལ་ཐང་སོགས་ལ་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས་། ཆིང་རྒྱལ་རབས་བཅས་ཀྱི་གོས་ཆེན་རིགས་སུམ་བརྒྱ་ལྷག་ཙམ་ཡོད་པ་ནི་ཕོ་བྲང་པོ་ཏ་ལའི་རིག་དངོས་རྒྱ་མཚོའི་ཁྲོད་ཀྱི་རིན་བྲལ་ནོར་བུ་ལྟ་བུ་ཞིག་ཡིན།

སྤྱོད་གོ་ཆེ་བའི་དར་གོས།

གནའ་དུས་བོད་ལྗོངས་ས་མཐོར་འཚོ་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་དར་གོས་ནི་ཧ་ཅང་དཀོན་པའི་དངོས་པོ་ཞིག་ཡིན་སྟབས་མི་དྲག་ཚོའི་ཆེད་སྤྱོད་གྱོན་པ་ལྟ་བུ་ཞིག་ཡིན། ཕྱིས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་ཚོང་ལས་འཕེལ་རིམ་ཆེན་པོ་བྱུང་བ་དང་མིའི་རིགས་དབར་ཕན་ཚུན་འགྲོ་འོང་མང་དུ་ཕྱིན་པ་དང་། ལྷག་དོན་དུ་དར་གོས་ཐོན་ཡུལ་གཙོ་བོར་གྱུར་པའི་ནང་ས་དང་འབྲེལ་གཏུག་ཇེ་ཟབ་ཏུ་ཕྱིན་པ་དང་དར་གོས་ལམ་བུ་དང་ཇ་རྟ་ཚོང་ལམ་སོགས་ཀྱང་ཐོན་ནས་དར་གོས་ཀྱི་ཡོང་ཁུངས་རྒྱ་ཆེར་སོང་བ་དང་སྤྱོད་ཡུལ་ཡང་ཇེ་ཆེར་ཕྱིན་ནས་མི་གཅིག་གི་མགོའི་ཞྭ་ནས་རྐང་པའི་ལྷམ་བར་གྱི་གྱོན་པ་ཆ་ཚང་གོས་ཆེན་གྱིས་བཟོ་སྲོལ་དར་བ་དང་སྦྲགས། འཚོ་བའི་མཁོ་ཆས་དང་མཛེས་རྒྱན་སྣ་ཚོགས་དར་བ་དང་། ཕོ་བྲང་དང་གཙུག་ལག་ཁང་གི་ཕྱི་ནང་གི་མཛེས་རྒྱན་དང་ཆོས་རྫས་སོགས་ལ་དེ་བས་སྤྱོད་ཤུགས་ཆེ་རུ་ཕྱིན་ཡོད། བོད་ཀྱི་དགོན་སྡེ་ཕལ་ཆེ་བར་གོས་སྐུ་འགྲེམས་སྲོལ་ཡོད་ཅིང་། གོས་ཆེན་གྱི་སྤུས་ཚད་དང་འཚེམ་དྲུབ་ཀྱི་སྒྱུ་རྩལ་ཆུ་ཚད། སྐུ་བརྙན་གྱི་བཀོད་པ་སོགས་ཚང་མ་རྩེར་སོན་ཞིག་ཡོད་པས་བོད་ལྗོངས་ས་མཐོའི་རིག་དངོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེའི་ཡན་ལག་ལྟ་བུའི་ཐང་གའི་བརྩམས་ཆོས་ཕལ་ཆེ་བ་ནི་གཞི་གོས་ཆེན་ཐོག་རྡོ་ཚོན་སྣ་ཚོགས་སྤྱད་དེ་བཞེངས་པ་ཞིག་ཡིན། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཁྱད་ཆོས་ལྡན་པའི་སྨན་ལུགས་དང་། མཁྱེན་ལུགས། སྒར་བྲིས་ལུགས་དང་ད་དུང་སྨན་གསར་དང་བྱིའུ་སྒང་པའི་ལུཌ་སོགས་ལུགས་མང་པོ་དར་བ་དང་། ནང་དོན་ཐད་ལྷ་སྐུ་ཙམ་མིན་པར་ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ། གསོ་རིག གྲགས་ཅན་མི་སྣའི་རྣམ་ཐར་སོགས་སུ་འཁོད་ཡོད་པས་ཐང་ག་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་ངམ་མིང་བྱང་ཞིག་ཏུ་གྱུར་ཡོད།

དཔྱད་གཞི་ལྟར་ན། གཙུག་ལག་ཁང་དང་། ཕོ་བྲང་། དགོན་སྡེ་སོགས་ཀྱི་ཆོས་ཁང་དང་འདུ་ཁང་གི་ཀ་བའི་ངོས་སུ་གསེར་ཟངས་ངམ་གོས་ཆེན་ལས་བཟོས་པའི་འཕན་སྒོ་དང་། དར་སྣེ་གསུམ་ལས་བཟོས་པ་དང་དབུས་མའི་ཞེང་ཚད་ཆེ་ལ་གཡས་གཡོན་གྱི་ཞེང་ཚད་ཅུང་ཆུང་བའི་སྣེ་མོའི་འཛར་ལ་གཡེར་ཁ་བཏགས་པ་ཞིག་ཡོད་པ་ནི་འཕན་ལག་ཡིན་པ་དང་གོས་ཆེན་གྱི་རྒྱན་བཞི་དང་བཅད་ལྡན་ཡུག་བརྩེགས་སུ་བསྒྲིགས་པའི་ཟུར་གསུམ་གྱི་སྣེ་མོར་གཡེར་ཁ་ཆུང་ངུ་རེ་ཡོད་པའི་ཀ་ཕན་ཡང་ཡོད། དེ་དང་ཕྱོགས་མཚུངས་གོས་ཆེན་ཁ་ཏི་ལས་བཟོས་པའི་ཚོས་མདོག་གསུམ་ཅན་གྱི་གཤམ་བུ་འདྲ་བ་ཞིག་གདུང་མའི་སྟེང་དུ་འགེབས་ཀྱི་ཡོད་པ་དེ་ནི་སྲོལ་རྒྱུན་གྱི་གདུང་ཁེབས་ཞེས་པ་དེ་ཡིན། དེ་དང་འདྲ་བར་ཕྱེ་ཕུར་ཞེས་དགོན་སྡེ་ཁག་གི་ལྷ་ཁང་དང་གཟིམ་ཆུང་སོགས་ཀྱི་ཀ་བའི་དབུས་སུ་འགེལ་བའི་དར་གོས་ཚོས་གཞི་སྣ་ཚོགས་ཀྱི་དར་ལྡིང་ལྔ་བརྩེགས་སམ་བདུན་བརྩེགས་སྣེ་མོ་ཅན་གྱི་ཁུག་མའི་ནང་དྲི་བཟང་གི་སྨན་ཕྱེ་སྣ་ཚོགས་བླུགས་པ་ཞིག་དང་། གདུང་མའི་སྟེང་དུ་གོས་ཆེན་བཅད་ལྡན་ལས་བཟོས་པ་དང་གཏོར་མའི་གཟུགས་དང་འདྲ་བའི་མཛེས་རྒྱན་ཞིག་འཇོག་གི་ཡོད་པ་དེ་ནི་ཡོངས་གྲགས་སུ་གཏོར་ཕུ་ཞེས་པ་དེ་ཡིན། དེ་མིན་དར་གོས་ཀྱི་སྐུད་པ་དང་ཚལ་བུ་མང་པོ་བརྡུངས་ནས་བསྲེས་ཏེ་ལྷ་སྐུ་བཞེངས་པར་དར་སྐུ་ཟེར་བ་དང་དེ་སྔའི་འཆམ་འབག་ཕལ་ཆེ་བ་དར་འདམ་ལས་བཟོས་པ་ཞིག་སྟབས་བཟོ་བདེ་ལ་ཡང་པའི་ཁྱད་ཆོས་ལྡན་ཡོད་པ་རེད། གང་ལྟར་ཕོ་བྲང་པོ་ཏ་ལ་སོགས་བོད་ཀྱི་དགོན་སྡེ་དང་ལྷ་ཁང་ཁག་གི་ནང་གདུགས་དང་། རྒྱལ་མཚན། བ་དན་སྣ་ཚོགས་དང་བཀའ་བསྟན་གྱི་གདོང་དར་དང་དཔེ་རས་སོགས་དར་གོས་ཀྱི་ཆོས་རྫས་གྲངས་ལས་འདས་པ་ཞིག་ཡོད། དེ་མིན་སྐུ་བརྙན་གྱི་ན་བཟའ་དང་། ལྷ་མོའི་འཁྲབ་ཆས། འཆམ་ཆས་སོགས་ཚང་མ་ནི་མེས་པོའི་བློ་གྲོས་ལས་འཁྲུངས་པའི་དར་གོས་ཀྱི་རིག་གནས་སྒྱུ་རྩལ་ཞིག་ཡིན།

(ཆུང་བདག་གིས)