《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

རང་སྐྱོང་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཅང་ཅེ་དང་། སྤེན་པ་བཀྲ་ཤིས། ལིའུ་ཅང་། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝུའུ་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། ན་ནིང་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་དང་དེ་བཞིན་གཞུང་དོན་ཁང་གི་མཛུབ་ཁྲིད་ནན་ཏན་འོག ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་གར་དང་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ། རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་རང་རྟོགས་ངང་བརྩི་སྲུང་དང་ཞབས་འདེགས་ཞུས་པ། ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་ཧུར་ཐག་སྤེལ་བ། ཉེ་འཁོར་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བ། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་འགོག་ཟོན་དང་གཏན་འགོག་བཅས་བྱས་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

གོམ་སྟབས་རྗེས་མའི་ལས་དོན་ཐད་ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། གཅིག་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་དགོས་ཤིང་། ང་ཚོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་རྒྱུན་སྲིང་ལྷོད་མེད་དང་། སློབ་སྦྱོང་གཏིང་ཟབ། ཁོང་དུ་ཆུད་པ་བཅས་བྱས་ཚེ། གཞི་ནས་ལས་དོན་སྒྲུབ་སྐབས་ཁ་ཕྱོགས་ཡོད་པ་དང་། གཏིང་ཤུགས་ཡོད་པ། གདེང་ཚོད་ཡོད་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ཏེ་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིག་པར་གོ་བ་ལེན་པ། རྟག་ཏུ་སློབ་སྦྱོང་། ཡང་ཡང་སློབ་སྦྱོང་། རྗེས་སྙེག་སློབ་སྦྱོང་བཅས་ཀྱི་ཐོག་ནས་ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

གཉིས་ནས་ཕྱི་ཕྱོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་གར་དང་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་འཛིན་པ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། བསམ་ཕྱོགས་གསར་གཏོད་བྱེད་པ། གོམ་ཞེང་ཆེན་པོས་མདུན་སྐྱོད་བཅས་ཀྱི་ཐོག་ནས་ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་དང་དམངས་ཁྲོད་དབར་གྱི་མཛའ་མཐུན་ལེགས་སྐྱོང་ཟབ་གཏོང་དང་། ནེ་པ་ལར་རོགས་སྐྱོར་གྱི་ལས་དོན་མུ་མཐུད་ནས་ཡག་པོ་སྒྲུབ་པ། རང་ལྗོངས“རྒྱུད་གཅིག་ལམ་གཅིག”གི་བཀོད་ཇུས་ཆེན་པོའི་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།

གསུམ་ནས་མངའ་ཁོངས་ཕྱི་ནས་རིམས་ནད་མི་འགོ་བ་བྱེད་པའི་ལས་དོན་མུ་མཐུད་ནས་ཡག་པོ་སྒྲུབ་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ལྗོངས་ནང་ཁུལ་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་དུས་མཚུངས། མངའ་ཁོངས་ཕྱི་ནས་འགོ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་སྡུག་ཤོས་ཆ་ནས་བསམ་བློ་གཏོང་བ་དང་། གྲ་སྒྲིག་གང་ལེགས་བྱེད་པ། ལེགས་ཤོས་ཕྱོགས་སུ་བརྩོན་ལེན་བྱེད་པ་དང་། གནད་ལ་འཁེལ་བའི་ཁ་གཏད་སྔོན་ཇུས་བཟོ་བ། འགག་སྒོའི་རིམས་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོག་རགས་དང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཞན་ཡང་ཕྱར་བ་གྲུ་འདེགས་དང་། བདེ་སྡུག་མཉམ་མྱོང་། བྱས་རྗེས་ཧུར་ཐག་འཇོག་པ་བཅས་ཀྱི་ཐོག་ནས་ནེ་པ་ལར་རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་སོགས་རོགས་སྐྱོར་བྱེད་པའི་ལས་དོན་མུ་མཐུད་ནས་ཡག་པོ་སྒྲུབ་དགོས།

བཞི་ནས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷགས་པའི་འདུ་ཤེས་བཅངས་ཏེ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་རྣམ་འགྱུར་ཐོག་ནས་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚཌ། དམ་འཛིན་ཡག་པོ་བཅས་བྱེད་དགོས།

ལྔ་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཏང་དང་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་གཞོགས་འདེགས་དམ་ཟབ་བྱེད་པ་དང་། “ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། སྣོད་བཅུད་སྲུང་སྐྱོང་། ཆོས་ལུགས་འཆམ་མཐུན། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གསོན་ཉམས་དོད་པའི་བསླབ་གཞི་ཡག་པོ་སྤྱོད་པ་བཅས་ཀྱི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བྱུང་ཚུལ་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

དྲུག་ནས་ཕྱི་ཕྱོགས་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཕྱི་ཕྱོགས་ལས་དོན་ལ་དོན་ཆུང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། ཕྱི་ཕྱོགས་ལས་དོན་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེ་སར་འཇོག་པ་བཅས་བྱས་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ་བཅས་བྱེད་དགོས། ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་དེ་བཞིན་གཞུང་དོན་ཁང་གིས་ཕྱི་ཕྱོགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་པ་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། གཞན་ཡང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་བའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། (ལྷ་དབང་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)