《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

བདེ་སྐྱིད་དང་ཞི་མཐུན་ལྡན་པའི་སྡེ་ཁུལ།

—— གཞིས་རྩེ་གྲོང་ཁྱེར་འབུམ་མོ་ཆེ་སྡེ་ཁུལ་དུ་ཤེས་དཔལ་ གྱི་སྲོལ་གསར་གཏོད་པའི་སྐོར་བཀོད་པ།

གསར་གཏོད་ཀྱི་སྒྲོག་འགྲེལ་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་བློར་སློབ་གསོ་བརྒྱབ་པ།

“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ་གྱི་གྲོང་མིའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྲོག་ཤིང་གི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། མི་སྒེར་དང་། ཁྱིམ་ཚང་། སྡེ་ཁུལ་བཅས་ཀྱི་འཕྲོད་བསྟེན་ལ་དེ་བས་དོ་སྣང་ཆེ་རུ་སོང་ཡོད། སྡེ་ཁུལ་གྱི་གྲོང་པ་ཁྱིམ་མཚེས་དབར་དེ་བས་འཆམ་མཐུན་ཡོད། ད་ལྟའི་འབུམ་མོ་ཆེ་སྡེ་ཁུལ་ནི་ཞི་མཐུན་དང་། བདེ་སྐྱིད། ཤེས་དཔལ་བཅས་ལྡན་པའི་སྡེ་ཁུལ་ཞིག་ཡིན”ཞེས་འབུམ་མོ་ཆེ་སྡེ་ཁུལ་གྱི་ཧྲུའུ་ཅི་ལི་ཀྲའོ་ཤིན་གྱིས་ངོ་སྤྲོད་བྱས། ཁོང་གིས་དེ་སྔོན་སྡེ་ཁུལ་མང་ཚོགས་ལ‘སྒུག་རྟེན་སློང་གསུམ’གྱི་བསམ་བློ་ཤུགས་ཆེན་ལྡན་པ་དང་གྲོང་པ་ཁྱིམ་མཚེས་དབར་འགལ་ཟླ་མངོན་གསལ་དོད་པ་མ་ཟད། འཚོ་བའང་དེ་ཙམ་ཕྱུག་པོ་མེད་ཅེས་བཤད།

འབུམ་མོ་ཆེ་སྡེ་ཁུལ་ལ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་དོན་གང་ཡིན་ནམ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ་གྱིས་སྒྲོག་འགྲེལ་ཐད་གསར་གཏོད་ཧུར་ཐག་བྱས་པ་དང་བྱ་ཐབས་ཐད་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་བྱེད་སྒོ་ནུས་ལྡན་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

གྲོང་མི་བྱེད་སྒོའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཆེད། སྡེ་ཁུལ་གྱིས་གྲོང་མིའི་ཁྲོད་ནས་སྒྲོག་འགྲེལ་པ་གསོ་སྐྱོང་བྱས་པ་དང་དུས་མཚུངས་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། དཔེ་བཟང་རྒན་གྲས་བཅས་གདན་དྲངས་ཏེ་གཟའ་འཁོར་རེར་དུས་ངེས་གཏན་ངང་སྒྲོག་འགྲེལ་ཐེངས་གཉིས་བྱས་ནས་སྡེ་ཁུལ་གྱི་གྲོང་མིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་གྲོང་མིར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཏང་གཅེས་རྒྱལ་གཅེས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ད་ལྟར་གཅེས་སྤྲས་བཅས་བྱེད་པ་དང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

སྡེ་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འབད་བརྩོན་བྱས་ན“ཕྱུག་པོ་ཆགས་པ”དང་། བསྙེན་བཀུར་དང་སེམས་བཟང་བྱས་ན“ཕྱུག་པོ་ཆགས་པ”ཞི་མཐུན་བྱས་ན“ཕྱུག་པོ་ཆགས་པ” སྒྱིད་ལུག་བྱས་ན“སྐྱོ་པོ་ཆགས་པ” རྨོངས་དད་བྱས་ན“སྐྱོ་པོ་ཆགས་པ” ལྷོད་གཡེང་བྱས་ན“སྐྱོ་པོ་ཆགས་པ”སོགས་ཀྱི་ནང་དོན་ཚུད་པའི“ཕྱུག་པོ་དྲུག་དང་སྐྱོ་པོ་དྲུག”གི་དྲིལ་བསྒྲགས་གཞི་རྟེན་དུ་བྱས་ནས་རིན་ཐང་ལྟ་བས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ལས་ལ་བརྩོན་པ་དང་། གྲོན་ཆུང་བསྲི་ཚགས། བསྙེན་བཀུར་སྲི་ཞུ་སོགས་ཀྱི་ཤེས་དཔལ་སྲོལ་གསར་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་མང་ཚོགས་ལ་སྲོལ་རྙིང་དང་གོམས་གཤིས་ངན་པ་དོར་ཏེ་བསམ་བློར་འགྱུར་ལྡོག་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་གཏོང་ཆེད། སྡེ་ཁུལ་གྱིས་རང་འགུལ་ངང་བཅའ་སྡོད་དཔུང་སྡེ་དང་། སྡེ་ཁུལ་གྱི་ཉེན་དོན་ས་ཚིགས། ཁོངས་གཏོགས་ཁུལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་སོགས་མཉམ་སྐྲུན་ཚན་པ་དང《མཉམ་སྐྲུན་གྲོས་མཐུན་ཡི་གེ》བཞག་ནས་དྲིལ་བསྒྲགས་སློབ་གསོ་དེ《མཉམ་སྐྲུན་གྲོས་མཐུན་ཡི་གེའི》ནང་བཅུག་ནས་མང་ཚོགས་སྒྲིག་འཛུགས་ཡག་པོ་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། དམངས་ཕན་སྲིད་ཇུས། ཏང་གཅེས་རྒྱལ་གཅེས། རྒྱལ་སྲུང་ཤེས་བྱ་སོགས་ཀྱི་ནང་དོན་དུ་བྱས་ནས་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་ཐུན་མོང་ཐོག་སྤེལ་བ་རེད།

སྡེ་ཁུལ་གྲོང་མིའི་བསམ་བློའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། སྡེ་ཁུལ་གྱི་གྲོང་མི་ལྷག་པ་བུ་ཁྲིད་དང་། པད་མ། ཟླ་སྒྲོན་སོགས་བུད་མེད་ཀྱི་འཐུས་མིས་རང་འགུལ་ངང་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཐང་ཆེན་ཞབས་བྲོའི་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གྲོང་མི་ཚོའི་སྣེ་འཁྲིད་དེ《“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མཉམ་གཞས》ཀྱི་རོལ་དབྱངས་ཁྲོད་ཐང་ཆེན་ཞབས་བྲོ་འཁྲབ་སྟེ་སྡེ་ཁུལ་གྲོང་མི་ཚོའི་སྤྲོ་བ་རབ་ཏུ་འཕེལ་བའི་རྣམ་པ་དེ་སྡེ་ཁུལ་གྱི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

དཔེ་སྟོན་སྣེ་ཁྲིད་ཀྱིས་དམངས་སེམས་གཅིག་སྒྲིལ་དང་དམངས་ཀྱི་སེམས་ཁྲལ་བསལ་བ།

“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ལས་ཀ་ཡོད་ན་ང་འཚོལ་བར་ཕེབས་ཤོག”ཅེས་པ་ནི་འབུམ་མོ་ཆེ་སྡེ་ཁུལ་ཏང་ཡོན་གྱི་ལས་ཀའི་འབོད་ཚིག་ཅིག་ཡིན།

“‘སྣང་ཆེན་བཞི་དང་དགའ་ཞེན་བཞི’ཁ་བཤད་ཙམ་མ་ཡིན་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་བྱེད་དགོས་པ་ཞིག་རེད། གྲོང་མིའི་བདེ་འཇགས་ཚོར་སེམས་དང་། གཏོགས་སེམས། བདེ་སྐྱིད་ཚོར་སེམས་བཅས་ཟབ་ཏུ་གཏོང་ཆེད། སྡེ་ཁུལ་གྱིས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་དང་དམངས་ཕན་ཞབས་ཞུ་ཟུང་འབྲེལ་བྱས་ནས་གང་དུ་དཀའ་ངལ་འཕྲད་ཚེ་སྡེ་ཁུལ་ཏང་ཡོན་ལས་བྱེད་པས་དེར་རོགས་རམ་བྱས་ཏེ་དངོས་དངོས་རྗེན་རྗེན་གྱིས་དམངས་ཀྱི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད”ཅེས་ལི་ཀྲའོ་ཤིན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་སྒྲོལ་འགྲེལ་བྱེད་པ་དང་། ལས་ཀ་བྱེད་པ། སེམས་ཁྲལ་སེལ་བ་བཅས་ཀྱི་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད།

སྡེ་ཁུལ་གྱི་གྲོང་མིར“རྒྱལ་གཅེས་ཏང་གཅེས་ཀྱི་ཁྲིམས་སྲུང་བའི”སྤྱི་དམངས་ཡག་པོ་ཞིག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱ་ཆེད། སྡེ་ཁུལ་ཏང་ཀྲི་པུས“ཏང་གི་ལོ་རྒྱུས་ཀྱི་སློབ་གསོ་ཁང”དང་། “ཁྲིམས་སྐྱོང་སློབ་གསོའི་ཁྱམས་རིང” “རྒྱལ་གཅེས་རིང་ལུགས་ཀྱི་འགྲེམས་སྟོན་ཁང”སོགས་དྲིལ་བསྒྲགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་བཏོད་ཡོད་པ་དང་མང་ཚོགས་རྣམས་དེ་དག་ལ་ལྟ་སྐོར་བྱེད་པར་ཡང་ཡང་འཁྲིད་ནས་མང་ཚོགས་ཚོས་གསར་བརྗེའི་རྒན་རབས་ཚོའི་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། གནས་གཅེས་ལས་བརྩོན། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་སློབ་སྦྱོང་བྱས་ཏེ་ལས་བྱེད་པ་དང་ཉེན་རྟོག་པ་དང་མཉམ་དུ“ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་གྱོད་དཔེའི་སློབ་གསོའི”བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཡང་ཡང་སྤེལ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་གྲོང་མི་ཚོར་རང་འགུལ་ངང་ཁྲིམས་ལ་བརྩི་སྲུང་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

སྡེ་ཁུལ་གྱིས་གྲོང་མིར་ལས་དོན་བསྒྲུབ་པར་སྟབས་བདེ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་དོན་དངོས་ལ་གཞིགས་ཏེ་སྨན་རྫས་སྤྲོད་པ་དང་། ཆུ་གློག་ཉམས་བཟོ། འཚམས་འདྲི་དང་དྲིལ་བསྒྲགས། གངས་གསོག་གཙང་སེལ་སོགས་དམངས་ཕན་ཞབས་ཞུ་ཁག་17ཧུར་ཐག་བསྒྲུབས་ནས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་གནང་ལུགས་དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་སུ་ཟུག་པ་བྱས་ནས་དངོས་དངོས་རྗེན་རྗེན་གྱིས་དམངས་སེམས་གཅིག་སྒྲིལ་དང་དམངས་ཀྱི་སེམས་ཁྲལ་བསལ་ཡོད་པ་རེད།

གྲོང་སྲོལ་དམངས་ཆིངས་ཀྱིས་སྡེ་ཁུལ་གྱི་ཤེས་དཔལ་སྲོལ་གསར་བཏོད་པ།

སྡེ་ཁུལ་གྱིས་ཏང་ཀྲི་པུའུ་དང་ལྟ་སྐུལ་ཨུ་ལྷན་སོགས་ཀྱི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་བཏང་བ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་དཔྱད་མོལ་རྒྱ་ཁྱབ་བྱས་པ་དང་། མང་ཚོགས་ཀྱིས་གདེང་འཇོག་བྱེད་པའི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་གསར་ལ་བསྔགས་བརྗོད་དང་སྣང་ཚུལ་ངན་པར་སྐྱོན་བརྗོད་བྱས་པ། གྲོང་མིར“བྱ་བ་སྒྲུབ་སྐབས་སེམས་ཆུང་གཙོ། མི་ཞིག་བྱེད་པར་བདེན་པ་གཙོ”ཞེས་པ་དང་། “དྲང་པོ་དྲང་གཞག་གི་མི་ཞིག་བྱེད་པ་དང་ཏན་ཏན་ཏིག་ཏིག་ངང་ལས་དོན་སྒྲུབ་པ” “ངན་པ་ཆུང་ཡང་སྤོངས། བཟང་པོ་ཆུང་ཡང་ལོངས” “ལྷག་བསམ་རྣམ་དག་གི་མི་ཞིག་བྱེད་པ་དང་ལས་བརྩོན་ཁྱིམ་སྐྱོང་བྱེད་པ”སོགས་སྡེ་ཁུལ་གྱི་སྲོལ་གསར་ལག་བསྟར་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་དྲང་ནུས་གཅིག་ཏུ་སྒྲིལ་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་སྡེ་ཁུལ་ཐུན་མོང་ཐོག་བསྐྲུན་ཡོད།

དེ་སྔ་སྣམ་བུ་མཉམ་ལས་ཁང་གི་ཁྲིམས་མི་བདེ་གཡང་གིས་བཟོ་པ་འཚོལ་སྐབས་རྫོང་ནས་འཚོལ་བ་ལས་སྡེ་ཁུལ་གྱི་གྲོང་མི་དང་སྤེལ་རེས་བྱེད་ཀྱི་མེད་པས་སྡེ་ཁུལ་ནང་དུ་སྐད་གྲགས་ཡོད་པའི“མཐོ་འདོད་ཅན”ཞིག་རེད། འོན་ཀྱང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་རྗེས་མཉམ་ལས་ཁང་གིས་སྡེ་ཁུལ་གྱི་བཟོ་པ་བསྡུས་ནས་སྡེ་ཁུལ་གྱི་གྲོང་མི་དབུལ་པོར་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཁོང་གིས་ཉིན་ལྟར་རླངས་འཁོར་བཏང་ནས་བཟོ་པ་བསུ་སྐྱེལ་བྱེད་ཀྱི་ཡོད།

འདི་ལོ་ལོ་45ལ་སླེབས་པའི་འབུམ་མོ་ཆེ་སྡེ་ཁུལ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ཚེ་རྡོར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་ཚུན། སྡེ་ཁུལ་གྱི་གྲོང་མིར་སྒྱིད་ལུག་གི་བསམ་པ་ལྡན་མཁན་ཉུང་དུ་ཕྱིན་པ་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་བློ་ལྡན་མཁན་མང་དུ་ཕྱིན་ཡོད། རང་ཉིད་ལ་གཞིས་རྩེ་གྲོང་ཁྱེར་གྱི་ཕུལ་བྱུང“གཉིས་ལྡན་དུད་སྦྲེལ”གྱི་མཚན་སྙན་ཐོབ་བྱུང་ལ་དེར་བརྟེན་ནས་ཕྲུ་གུར་གཞུང་ལས་པའི་ཡིག་རྒྱུགས་གཏོང་སྐབས་སྐར་མ་ལྔ་སྣོན་གྱི་འདུག ངས་དུས་རྒྱུན་ནས་ཕྲུ་གུར་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་གི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་སློབ་གསོ་རྒྱག་གི་ཡོད་ཅེས་བཤད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལས་སྡེ་ཁུལ་གྱི་གྲོང་མིའི་འཚོ་བར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། བདེ་སྐྱིད་ལྡན་པའི་སྡེ་ཁུལ་མཉམ་དུ་བསྐྲུན་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུ་ནི་སྡེ་ཁུལ་གྱི་གྲོང་མིའི་ཐུན་མོང་གི་དོན་གཉེར་བྱེད་ས་ཞིག་རེད།

(བསོད་བདེ་གཞོན་པ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)