《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月20日

ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱུང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། བཞད་མཐོང་སྨོན་རྫོང་གིས་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་ནས་མཐོང་སྨོན་ཐོན་ལས་སྤུས་རྟགས་གཏོད་རྒྱུ་གཙོ་གནད་དུ་བྱས་པ་དང་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་མི་སེར་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་བྱས་ཡོད། 2018ལོར། རྫོང་དེའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10500ཟིན་ནས་2015ལོ་དང་བསྡུར་ན་35.6%འཕར་ཡོད།

མིག་སྔའི་བར། བཞད་མཐོང་སྨོན་རྫོང་གི་མི་འབོར་དབུལ་པོ་2016ལོའི་ལོ་འགོའི་དུད་ཚང་2723གྱི་མི་གྲངས་10663ཚང་མ་མིག་སྔར་དབུལ་སྒྲོལ་ཐུབ་ཡོད། དབུལ་པོར་ཐོན་ཚད་23%ནས་0%བར་ཆག་ནས་ཐོན་ལས་དབུལ་སྐྱོར་དེ་བཞད་མཐོང་སྨོན་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

སྤུས་ཚད་མཐོ་རུ་བཏང་ནས་རིན་ཐང་ཆེ་རུ་བཏང་བ།

རྟ་ནག་མདའ་ཤང་དུ་སྐྱོད་སྐབས། ས་བཟུང་རྒྱ་ཁྱོན་མུའུ་345ཟིན་པའི་ཇོ་མོ་གླང་མའི་མཐོང་སྨོན་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་དུ་གྲལ་སྟར་འགྲིག་པའི་འགྱིག་ཤོག་དྲོད་ཁང་ཆེ་མོ་དང་བཟོ་ཁང་མང་པོ་ཡོད་པ་དང་གླིང་ཁུལ་གྱི་མི་120སྐུལ་ཁྲིད་བྱས་ནས་ལས་ཞུགས་བརྟན་པོ་ཐུབ་ཡོད།

གླིང་ཁུལ་གྱི་རོགས་རམ་ཤུགས་ཆེན་འོག་རྟ་ནག་མདའ་ཤང་གི་ཞིང་འབྲོག་པ་མང་ཚོགས་དུད་ཚང་258ཀྱིས་རང་ཁྱིམ་གྱི་སྒོ་རྩར་འགྱིག་ཤོག་དྲོད་ཁང་བསྐྲུན་ནས་ཤ་མོ་བཏབ་ཡོད། གླིང་ཁུལ་གྱིས་ཤ་མོའི་སོན་སྤྲོད་པ་དང་། གསོ་སྦྱོང་བྱེད་པ། ཕྱིར་ཚོང་རོགས་བྱེད་པ་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུས་ནས་ཤ་མོ་ཆུང་ཆུང་ལ་བརྟེན་ནས་མང་ཚོགས་དེ་བས་མང་བའི་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

2016ལོ་ནས་ད་བར། བཞད་མཐོང་སྨོན་རྫོང་གིས་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་ཁུལ་རྣམ་གྲངས་དང་། བཞད་གཞུང་བོད་བྱ་གསོ་ཚགས་རྟེན་གཞིའི་རྣམ་གྲངས། ས་མཐོའི་དྲང་སྲོང་མེ་ཏོག་འདེབས་འཛུགས་སོགས་ཐོན་ལས་རྣམ་གྲངས་18འཆར་འགོད་བྱས་ཏེ་འཕེལ་རྒྱས་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་2.402གཏོང་རྩིས་ཡོད་པ་དང་ད་ཆ་རྣམ་གྲངས་17ལས་འགོ་ཚུགས་པ་དང་འབྲེལ། རྣམ་གྲངས་15ལེགས་གྲུབ་ཟིན་པར་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་1.5བཏང་བ་དང་། མི་གྲངས1731ལ་འབབ་འཕར་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ནས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ། མང་ཚོགས་དེའི་ནང་ཞུགས་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།

ལྗང་མདོག་གི་སྤུས་རྟགས་ཡག་པོ་བཏོད་ནས་ཁྱད་ལྡན་ལམ་བུར་བསྐྱོད་པ།

དུས་རབས་གསར་པ་དང་གོ་སྐབས་གསར་པའི་མདུན་དུ། ཆབ་ཁ་གྲོང་ཚོས་བཞད་མཐོང་སྨོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ“ཆབ་ཁའི་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུའི”རྣམ་གྲངས་ལ་བརྟེན་ནས་མཉམ་སྡེབ་ཆུ་ཚན་གྱི་ཞིང་ཁྱིམ་མགྲོན་ཁང་2དང་། ཁྱིམ་ཚང་གི་ཆུ་ཚན་ཁྲུས་ཁང་15 ཁྱིམ་ཚང་མགྲོན་ཁང་17བཅས་བསྐྲུན་ཡོད། ཆུ་ཚན་ལ་བརྟེན་ནས་ས་གནས་དེ་གའི་མི་སེར་གྱི་འཚོ་བ་ཉིན་བཞིན་གོང་འཕེལ་འགྲོ་བཞིན་ཡོད།

བཞད་མཐོང་སྨོན་རྫོང་གིས་ད་དུང་དེང་རབས་ཞིང་ལས་དང་། སྤྲོ་གསེང་ཡུལ་སྐོར། ཞིང་ནང་མཛེས་ལྗོངས་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཧུར་ཐག་གཏོད་པ་དང་། “བཟའ་བཏུང་དང་། ཞག་སྡོད། ཕྱིར་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”སོགས་ཡུལ་སྐོར་གྱི་ཐོན་ལས་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་ལས་གསུམ་མཉམ་འདྲེས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཡུལ་དེའི་ལྗང་མདོག་དང་། སྐྱེ་ལྡན། ཁོར་ཡུག་སྲུང་སྐྱོང་། སྐྱོན་བྲལ། ཁྱད་ལྡན་བཅས་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། བཞད་མཐོང་སྨོན་རྫོང་གིས་རྫོང་གི་མི་རིགས་ལག་ཤེས་ལས་རིགས་ཀྱི་ཁྲོམ་རར་བརྟེན་ནས་ཀོ་ཆས་དང་། བོད་གྲི ཐང་ག ཤིང་བརྐོས་སོགས་ཁྱད་ལྡན་ལག་ཤེས་བཟོ་ཁང་དང་མཉམ་ལས་ཁང་ལ་རོགས་སྐྱོར་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་མངོན་པ་དང་བྲིན་ཁ་རྒྱུག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་སྤེལ་བྱས་ནས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་དེ་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་པ་བྱས་ཡོད།

ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ཁེ་ཕན་མཉམ་སྤྱོད་བྱས་པ།

བཞད་མཐོང་སྨོན་རྫོང་གི་ཇོ་རིའི་མཐོང་སྨོན་བཞད་གཞུང་བོད་བྱ་གསོ་ཚགས་རྟེན་གཞིར། ཞིང་འབྲོག་པའི་དུད་ཚང་970ལྷག་ཙམ་བོད་བྱ་གསོ་ཚགས་ཀྱི་ཐོན་ལས་འཁོར་འབྲེལ་ནང་ཞུགས་པས། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད། སྲོལ་རྒྱུན་བོད་བྱ་གསོ་ཚགས་རྟེན་གཞིར་དེང་རབས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྤྱད་པས་བཞད་གཞུང་བོད་བྱ་དེ་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།

གསོ་ཚགས་རྟེན་གཞིའི་ལས་མི་ཕུར་བུ་ཚེ་རིང་གིས“སོན་བཟང་རྒྱུད་སྤེལ་དང་ཚན་རིག་དང་མཐུན་པའི་གསོ་སྐྱོང་དང་གསོ་ཚགས་ཀྱི་ལག་རྩལ་ཡོད་པས། བོད་བྱའི་སྤུས་ཚད་དེ་བས་ལེགས་སུ་ཕྱིན་པ་མ་ཟད། ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་སོང་། ཚང་མས་ཁ་ཡོད་ལག་ཡོད་ཀྱི་ཕན་པ་མཐོང་སྐབས་གཅིག་མཇུག་གཉིས་མཐུད་ངང་བོད་བྱ་གསོ་ཚགས་ནང་ཞུགས་བཞིན་ཡོད”ཅེས་བརྗོད།

མང་ཚོགས་དབུལ་པོ་དང་འབྲེལ་གཏུག་བྱེད་པའི་ཐད། བཞད་མཐོང་སྨོན་རྫོང་གིས“ཕྱོགས་བསྡུས་བྱ་ཐབས”ཆ་ཚང་བ་ཞིག་བཏོན་པས། མི་སེར་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་ཏུ་ཕྱིན་ཡོད། “ཀུང་སི་དང་། གླིང་ཁུལ(རྟེན་གཞི) མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་དབུལ་སྐྱོར་བྱ་ཐབས་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། བཞད་མཐོང་སྨོན་རྫོང་གིས་སྲིད་འཛིན་གྲོང་ཚོ་95ལ་ཁྱབ་པའི་མཉམ་ལས་ཁང་435འཛུགས་པ་དང་འཕེལ་རྒྱས་གཏོང་བར་དམ་འཛིན་བྱས་ཏེ། ཞིང་འབྲོག་མང་ཚོགས(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་མཐའ་ལུས་དུད་ཁྱིམ་ཁྲི་1.57ཚུད་པ)ཁྲི་2ལྷག་ཙམ་མ་དངུལ་དང་། ས་ཆ(རྩྭ་ར) གཉེར་སྐྱོང་དབང་ཆ། ཕྱུགས་རིགས། སྒྲིག་ཆས། ལག་རྩལ་སོགས་བརྒྱུད་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཏེ། དུད་ཚང་དབུལ་པོ་དང་མཐའ་ལུས་དུད་ཁྱིམ་5349ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད། ཐོན་ལས་རྣམ་གྲངས་རེ་རེ་ལག་བསྟར་བྱས་པ་དང་། ཁེ་ཕན་མཉམ་སྦྲེལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བས་བཞད་མཐོང་སྨོན་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ“གཞན་བརྟེན”ནས“རང་བརྟེན”དུ་གྱུར་ཡོད།

(དཀོན་སྒྲོལ་གྱིས་བསྒྱུར། དཀོན་སྒྲོན་དང་དཔའ་མོས་ཞུས)