《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

ལྷ་རྩེ་རྫོང་གིས“ནུས་ཤུགས་ཡོད་རྒུས་སྣུམ་ནག་གཞུང་ལམ་གྱི་དཔལ་འབྱོར”འཕེལ་རྒྱས་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། ལྷ་རྩེ་རྫོང་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་ཀྱིས། ད་ཡོད་ཀྱི་ཐོན་ཁུངས་ཡག་པོར་གཞིས་ཚུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། “སྣུམ་ནག་གཞུང་ལམ་གྱི་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་རེད།

གནད་སྨིན་བརྟག་ཞིབ་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་བཟོས་ཤིང་། རྒྱལ་ལམ་318རྒྱུད་ཀྱི་སྲིད་འཛིན་གྲོང་ཚོ་18ཀྱི་མཉམ་སྡེབ་དཔལ་འབྱོར་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཅིག་སྡུད་གྲལ་བཤེར་བྱས་ཏེ་གནས་ཚུལ་དང་གཞི་གྲངས་ཁ་གསལ་བཟོས་པ་དང་འབྲེལ། རྒྱལ་ལམ་རྒྱུད་ཀྱི་དམིགས་བསལ་གྱི་ཐོན་ཁུངས་དང་ས་གཤིས་ལེགས་ཆར་བསམ་གཞིགས་གང་ལེགས་བྱས་ཏེ“སྣུམ་ནག་གཞུང་ལམ་གྱི་དཔལ་འབྱོར”གཏོད་པའི་བསམ་ཕྱོགས་གསར་གཏོད་ཀྱིས་ལྷ་རྩེའི“སྣུམ་ནག་གཞུང་ལམ་གྱི་དཔལ་འབྱོར”གཏོད་རྒྱུར་ཕྱོགས་ཡོངས་ནས་འཆར་འགོད་དང་། མཛུབ་ཁྲིད། ལྟ་སྐུལ། ཞབས་ཞུ་བཅས་བྱས་པ་རེད།

མཐོ་གནས་འཆར་འགོད་བྱས་ཏེ་སྤྱི་འདོམས་ལག་བསྟར་སྐུལ་འདེད་བཏང་ཞིང་། “སྣུམ་ནག་གཞུང་ལམ་གྱི་དཔལ་འབྱོར”འཕེལ་རྒྱས་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷ་རྩེ་རྫོང་ཨུད་ཀྱིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་རྣམ་གྲངས་ཀྱི་གཞི་ཁྱོན་དང་། མ་འཇོག་གི་ཕན་འབྲས། རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་སོགས་ཀྱི་ཐད་ཕྱོགས་བསྡུས་ཐོག་དབྱེ་ཞིབ་བརྡར་གཅོད་དང་སྤྱི་འདོམས་བཀོད་སྒྲིག་བྱས་ནས། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་མཐའ་འཁྱོངས་བྱས་ཏེ་ཁང་པ་བོགས་གཏོང་ལས་རིགས་དང་ཡུལ་སྐོར་ལས་རིགས་སོགས་དཔེ་སྟོན་ས་ཚིགས་7ཐོག་མར་བཏོད་པ་དང་། མ་དངུལ་སྒོར་ཁྲི་1200ལྷག་ཙམ་བསྡུ་སྒྲིལ་དང་གྲབས་གསོག་ཧུར་ཐག་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་གཞི་རྩའི་འགན་ལེན་མཁོ་འདོན་བྱས་པ་རེད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)