《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་།

——— རྣམ་རྒྱལ་གྱིས་སྤོས་སྦྱོར་ལག་རྩལ་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པའི་སྐོར་བཀོད་པ།

འདི་ནི་རྣམ་རྒྱལ་གྱིས་གསར་འགོད་པར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་མཉམ་ལས་ཁང་གི་ལས་མིས་གཟིམ་སྤོས་ཐུམ་སྒྲིལ་རྒྱག་བཞིན་པ།

འདི་ནི་རྣམ་རྒྱལ་གྱིས་སྤོས་སྦྱོར་བྱེད་བཞིན་པ།

འདི་ནི་རྣམ་རྒྱལ་གྱིས་ལས་མི་ཚོར་སྤོས་སྦྱོར་བྱེད་སྟངས་སློབ་བཞིན་པ།

གསར་འགོད་པ། རྣམ་གླིང་རིན་ཆེན།

ཨ་ཇོ་རྣམ་རྒྱལ་དང་ཐོག་མར་འཕྲད་དུས་ནི་བོད་ཀྱི་ས་ཕྱོགས་གང་སར་སོ་ནམ་ལས་འགོ་ཚུགས་པའི་དཔྱིད་ཀ་ཞིག་ལ་ཡིན་ཞིང་། སྨྲ་བ་མང་པོ་མེད་ཀྱང་གྲུང་ཤ་དོད་པའི་མིག་ཟུང་དང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཁོང་གི་བཞིན་རས་ལས་གསར་འགོད་པར་ནམ་ཡང་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།

ཨ་ཇོ་རྣམ་རྒྱལ་ནི་1986ལོར་པ་སྣམ་རྫོང་བྱང་སྟོད་ཤང་དགེ་འཕེལ་གྲོང་ཚོའི་སྨིན་དགོན་ཞེས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་གི་ཁྱིམ་རྒྱུད་ཀྱིས་མི་རབས་མང་པོའི་རིང་སྤོས་སྦྱོར་གྱི་ལག་རྩལ་ལ་བརྟེན་ནས་སྨིན་དགོན་རྟགས་ཅན་གྱི་གཟིམ་སྤོས་དང་སྨན་བསང་ཐོན་སྐྱེད་བྱས་ཏེ་བོད་ཀྱི་ས་ཕྱོགས་གང་སར་ཚོང་གཉེར་བྱེད་བཞིན་ཡོད་པས། ཁྱིམ་རྒྱུད་ཀྱི་མི་རབས་མང་པོའི་རིང་ནས་བརྒྱུད་མྱོང་བའི་སྤོས་སྦྱོར་གྱི་ལག་རྩལ་གང་དེ་ད་ལྟ་རང་ཉིད་ཙམ་མ་ཟད་ཡུལ་གྱི་མང་ཚོགས་མང་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོང་སྙམ་པ་ཁོང་གི་སྣང་བའི་ཡུལ་ལའང་འཁོར་མ་མྱོང་།

ཨ་ཇོ་རྣམ་རྒྱལ་དང་སྨིན་དགོན་གཟིམ་སྤོས་ཀྱི་གནའ་དེང་།

ཨ་ཇོ་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁོང་ཚོའི་གྲོང་ཚོ་ཆགས་སའི་རྒྱུད་དེར་སྔོན་ཆད་སྤོས་ཁང་ཟེར་བ་དང་། གནའ་དུས་སྤོས་ཁང་དགོན་གྱི་བླ་མ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་སྨན་རྩྭ་བསྡུ་རུབ་གནང་སྟེ་གཟིམ་སྤོས་སྦྱོར་རྟ་གནང་བས་སྤོས་ཁང་ཞེས་པའི་མིང་དེ་ལྟར་ཐོགས་ཤིང་། ཡུལ་དེ་ཡང་སྙེ་མོ་ཐོན་པ་ཤང་དང་འདྲ་བར་གཟིམ་སྤོས་ཀྱི་འབྱུང་ཁུངས་དང་ཕ་ས་ཡིན་པར་གྲགས། ཨ་ཇོ་རྣམ་རྒྱལ་ཡང་སྤོས་སྦྱོར་བའི་ཁྱིམ་ཚང་གི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། ཁོང་གི་ཕ་མེས་ཡང་མེས་རྣམས་ཀྱིས་སྤོས་སྦྱོར་བྱས་པའི་སྨིན་དགོན་གཟིམ་སྤོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་རེད། དེའང་སྔོན་ཆད་གཞིས་ཀ་རྩེ་རྫོང་གི་རྒྱུན་སྤོས་དང་སྡེ་པ་བོན་གྲོང་ཞེས་པའི་རྒྱུན་སྤོས་སྤོས་ཁང་སྨིན་དགོན་ནས་འབུལ་གྱི་ཡོད་པ་དང་། རྭ་སྒྲེང་རྒྱལ་ཐོག་སྐབས་རྭ་སྒྲེང་དགོན་དུའང་སྤོས་ཁང་སྨིན་དགོན་ཁྱིམ་རྒྱུད་ཀྱིས་སྤོས་སྦྱོར་གྱི་ལག་རྩལ་བསླབས་པའི་ལོ་རྒྱུས་ཡོད་པ་རེད། ལྷག་པར་དུ་ཁོང་གི་ཁྱིམ་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། སྡེ་པ་གཞུང་གི་ཞབས་འབྲིང་གནང་མྱོང་བའི་བོན་གྲོང་ཚེ་བརྟན་ཡེ་ཤེས་སམ་མཚན་གཞན་ལ་བོན་གྲོང་མཁས་པར་གྲགས་པའི་སྐྱེས་མཆོག་དམ་པ་ཁོང་གི་སྐབས་སུ་སྤོས་ཁང་སྨིན་དགོན་གཟིམ་སྤོས་ལ་སྐད་གྲགས་ཆེན་པོ་ཡོད་ཅིང་། ཡུལ་དེ་གའི་དམངས་གཞས་ཤིག་ཏུའང་། “རི་འདི་སྨན་གཙང་རི་ལ། རྩྭ་ལ་སྨན་རྩྭ་འཁྲུངས་ཤག བོན་གྲོང་སྲས་ཆུང་སྐུ་ཞབས། སྨན་རྩྭ་བཞེས་ལ་ཕེབས་དང”ཞེས་སྐབས་དེ་དུས་སྤོས་ཁང་སྨིན་དགོན་ཁྱིམ་རྒྱུད་ཀྱིས་སྨན་རྩྭ་བཏོགས་ནས་སྤོས་སྦྱོར་བྱེད་ཀྱི་ཡོད་པའི་སྐོར་རྟོགས་ཐུབ། གང་ལྟར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་གི་ཁྲོད་དུ་ཁོང་གི་ཁྱིམ་རྒྱུད་ཀྱི་མི་རབས་མང་པོས་ཕ་མེས་ཡང་མེས་ནས་བཞག་པའི་སྤོས་སྦྱོར་གྱི་ལག་རྩལ་མན་ངག་རྒྱུན་བསྐྱངས་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་གཟིམ་སྤོས་ཚོང་བར་འགྲོ་བ་དང་། པོ་ཏ་ལ་སོགས་སུ་སྤོས་སྦྱོར་བྱེད་པར་འགྲོ་གི་ཡོད་པས། ཕྱི་ཕྱོགས་ཀྱི་མང་ཚོགས་མང་པོས་ཁོང་ཚོར་སྤོས་བཟོ་བ་ཞེས་འབོད་ཀྱི་ཡོད།

ཨ་ཇོ་རྣམ་རྒྱལ་ལ་ཆ་མཚོན་ན་ཆུང་དུས་ནས་རང་གི་པཱ་ལགས་དང་ཨ་ཞང་གི་གམ་ནས་སྤོས་སྦྱོར་གྱི་ལག་རྩལ་སྦྱངས་ཏེ་བྱང་ཆུབ་ཡོད་མོད། ཁོང་གི་ཕ་མ་གཉིས་ལ་ཁྱོན་ཕྲུ་གུ་5ཡོད་པ་ཚང་མ་ན་སོ་ཕྲ་བས་རང་མགོ་ཐོན་མེད་པ་དང་དེའི་ཁར་ཁོང་གི་གཅུང་མོ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་པས། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྟབས། 2008ལོའི་གོང་དུ་ཁོང་གིས་ནག་ཆུ་དང་ལྷ་ས་སོགས་སུ་གླ་པར་སོང་སྟེ་ཨར་པོ་རྒྱག་པ་དང་། འཛིན་ཆས་བཟོ་བ་སོགས་བྱས་ཏེ་ཡོང་འབབ་མི་གསོག་ཀ་མེད་དུ་གྱུར། ཁོང་གིས་སྔོན་ཆད་ཀྱི་གནས་ཚུལ་ལ་ཕྱིར་དྲན་དང་སྦྲགས། “སྐབས་དེ་དུས་གླ་པ་རྒྱུག་སྐབས་ལས་ཀ་དཀའ་ལས་ཆེ་བས་ཉིན་ལྟར་ཐལ་བ་འཚུབ་འཚུབ་ངང་སྡོད་དགོས་པ་དང་། ཕྱི་ཕྱོགས་ལ་ཡོང་འབབ་གསོག་པར་འགྲོ་དགོས་དུས་ཕ་མར་ཞིང་ལས་ཀྱི་རོགས་པའང་བྱེད་ཐབས་བྲལ། ཐལ་རྡུལ་གྱི་ཁྲོད་དུ་ག་ཚོད་ཀྲབ་ཀྱང་གང་ལྟར་ལོ་རེ་ལ་ཡོང་འབབ་སྒོར་ཁྲི་2ཙམ་ལས་ཡོང་གི་མེད”ཅེས་བཤད།

ཕྱི་ཕྱོགས་ལ་གནས་ངེས་མེད་ངང་གླ་པ་རྒྱུག་པར་འགྲོ་དགོས་དུས། ཁོང་གི་བསམ་པར་གལ་ཏེ་མི་ཚེ་གང་པོ་ཕར་རྒྱུག་ཚུར་རྒྱུག་གི་ཁྲོད་དུ་དཀའ་ལས་ཆེ་ལ་ཡོང་སྒོ་ཉུང་བའི་འཚོ་བ་བསྐྱལ་ནས་བསྡད་ན། ཕ་མ་བུ་ཕྲུག་དང་ལྷན་དུ་མཉམ་འཛོམ་གྱི་དུས་ཚོད་ཉུང་བ་དང་། ལྷག་པར་དུ་རང་གི་ཕ་མེས་ཡང་མེས་ཚོས་སྐུ་ལས་མང་པོ་བསྐྱོན་ནས་རྗེས་རབས་པ་ཚོར་བཞག་གནང་བའི་རྩ་ཆེའི་སྤོས་སྦྱོར་གྱི་ལག་རྩལ་དེ་རྒྱུན་འཛིན་མ་བྱས་ན་ནམ་ཞིག་ལག་རྩལ་དེ་རང་གི་དུས་ནས་རྒྱུན་ཆད་ན་ཧ་ཅང་ཕང་པོ་རེད་སྙམ་པའི་བསམ་བློ་འཁོར་ཏེ། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བ་བརྒྱུད། ད་གཟོད་གཞན་ཡུལ་དུ་ཞོར་ལས་ཡོང་འབབ་གསོག་པར་འགྲོ་མཚམས་བཞག་སྟེ། ནང་མི་ཚོའི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག་ཁོང་གིས་པ་སྣམ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་བཏང་གནང་བའི་སྐྱེད་མེད་བུ་ལོན་སྒོར་ཁྲི་20དང་རང་གིས་བསགས་པའི་སྒོར་ཁྲི་10བཅས་ཁྱོན་མ་རྩ་སྒོར་ཁྲི་30བཏང་སྟེ། 2013ལོར་རང་ཁྱིམ་གྱི་སྒོ་རའི་ནང་དུ་སྨིན་དགོན་གཟིམ་སྤོས་བཟོ་གྲྭ་བཙུགས་པ་རེད། བཟོ་གྲྭ་ཐོག་མར་འཛུགས་སྐབས་གྲོང་ཚོ་དེ་གའི་དུད་ཚང་6གི་ལས་མི་15ལས་མེད་པ་དང་། ལས་མི་དེ་དག་ཀྱང་དུས་རྒྱུན་ཞིང་དལ་གྱི་སྐབས་སུ་ལས་ཀར་ཡོང་གི་ཡོད་པས། ཐོག་མའི་སྐབས་སུ་ལས་མི་ཚོའི་སྤོས་སྦྱོར་གྱི་ལག་རྩལ་ཞན་པ་དང་། ལྷག་པར་དུ་ལས་མི་མང་པོར་གཟིམ་སྤོས་ཚོང་གཉེར་ཐད་ཀྱི་ཉམས་མྱོང་མེད་སྟབས། བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་གཟིམ་སྤོས་དང་སྨན་བསང་གི་ཐོན་རྫས་ཕལ་ཆེ་བ་པ་སྣམ་རྫོང་ཁོངས་ཀྱི་མང་ཚོགས་ལ་མ་གཏོགས་ས་ཆ་གཞན་པར་ཕྱིར་ཚོང་བྱེད་མ་ཐུབ་ལ། འཛད་སྤྱོད་པ་མང་པོས་ཁོང་ཚོས་གསར་དུ་ཐོན་སྐྱེད་བྱས་པའི་སྨིན་དགོན་གཟིམ་སྤོས་ཀྱི་ཚོང་རྟགས་ལ་རྒྱུས་མངའ་ཆེན་པོ་མེད་ཙང་། ལོའི་ཡོང་འབབ་ནས་འགྲོ་སོང་འཐེན་ན་ཁེ་བཟང་སྤྱིར་བཏང་ཡོང་གི་མེད།

དེ་འདྲ་ཡིན་ནའང་། ཨ་ཇོ་རྣམ་རྒྱལ་གྱིས་ཡི་ཐང་ཆད་ནས་མ་བསྡད་པར་མུ་མཐུད་དེ་སྤོས་སྦྱོར་གྱི་ལག་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་གང་མང་བགྱིས་ཏེ། གཟིམ་སྤོས་དང་སྨན་བསང་གི་སྣ་ཁ་མང་དུ་གཏོང་བ་དང་། སྤོས་རྒྱུ་ཕུན་སུམ་ཚོགས་སུ་གཏོང་བ། ཚོང་གཉེར་གྱི་ཐབས་ལམ་འཚོལ་བ་སོགས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྨིན་དགོན་གཟིམ་སྤོས་ཀྱི་ཐོན་རྫས་ལ་འཛད་སྤྱོད་པ་མང་པོས་རིམ་གྱིས་རྒྱུས་ལོན་ངེས་ཅན་བྱུང་བ་དང་བསྟུན། ཁོང་ཚོས་སྦྱོར་རྟ་བྱས་པའི་གཟིམ་སྤོས་དང་སྨན་བསང་གི་ཐོན་རྫས་མང་པོ་གཞིས་རྩེ་ཙམ་མ་ཟད་ལྷ་ས་དང་ལྷོ་ཁ་སོགས་སུ་བྲིན་ཁ་རྒྱུག་པོ་བྱུང་ནས། ལོ་རེའི་ཡོང་འབབ་སྒོར་ཁྲི་18ཙམ་ཟིན་གྱི་ཡོད།

མཉམ་ལས་ཁང་བཙུགས་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་རྒྱུ་མིག་སྔའི་ལས་དོན་གཙོ་བོར་བཟུང་ནས། ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱེད་པའི་རྩ་བའི་ཐབས་ཇུས་བཏོན་གནང་མཛད་པས། བོད་ཀྱི་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་མང་པོས་རང་ཡུལ་གྱི་ཁྱད་ལྡན་ལེགས་ཆ་སྔོག་འདོན་དང་། རང་གི་སྤུས་དག་གི་ཐོན་རྫས་མང་པོ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་མཐོ་རླབས་ཤིག་འཕྱུར་བ་རེད། པ་སྣམ་རྫོང་བྱང་སྟོད་ཤང་མི་དམངས་སྲིད་གཞུང་གིས་ཀྱང་རང་ས་རང་ཡུལ་གྱི་ཁྱད་ལྡན་གྱི་ལེགས་ཆ་སྔོག་འདོན་བགྱིས་ཏེ། ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་ཧུར་ཐག་བྱས་པ་བརྒྱུད། སྔོན་ཆད་སྔོག་འདོན་བྱེད་མ་ཐུབ་པའི་ཡུལ་སོ་སོའི་ཁྱད་ལྡན་ཐོན་རྫས་མང་པོ་སྔོག་འདོན་ཐུབ་སྟེ། ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་མང་པོ་ད་ཆ་ཁྲོམ་རའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་། ཡང་སྒོས་སུ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་སའི་མཉམ་ལས་ཁང་བཙུགས་པ་དེས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་མང་པོ་གཞན་ཡུལ་དུ་ཞོར་ལས་ཡོང་འབབ་གསོག་པར་འགྲོ་དགོས་མེད་པར་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་ནས། ཞིང་འབྲོག་མང་ཚོགས་མང་པོར་འབབ་འཕར་ཕྱུག་འགྱུར་བྱུང་སྟེ་ཁོང་ཚོ་རིམ་བཞིན་དབུལ་སྒྲོལ་གྱི་ལམ་ནས་ཕྱུག་འགྱུར་གྱི་ལམ་དང་། དེ་ནས་ཡང་འབྱོར་འབྲིང་གི་ལམ་དུ་སྐྱོད་ཐུབ་པ་བྱུང་ཡོད།

2019ལོར། བྱང་སྟོད་ཤང་སྲིད་གཞུང་དང་དགེ་འཕེལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་ཚོའི་ལས་དོན་ཚོགས་ཆུང་སོགས་ཀྱིས་བཀའ་མངགས་ལྟར། ཨ་ཇོ་རྣམ་རྒྱལ་གྱིས་རང་ཉིད་སྒེར་གྱིས་བཙུགས་པའི་སྨིན་དགོན་གཟིམ་སྤོས་བཟོ་གྲྭ་དེ་བོད་ལྗོངས་གཙང་གཞུང་སྣང་སའི་སྲོལ་རྒྱུན་ལག་ཤེས་ཞིང་པའི་མཉམ་ལས་ཁང་དུ་བསྒྱུར་ཞིང་། རྫོང་དབུལ་སྐྱོར་གཞུང་དོན་ཁང་གིས་མཉམ་ལས་ཁང་རྒྱ་སྐྱེད་གཏོང་སླད་སྒོར་ཁྲི་35དང་། གཡབ་ཤེལ་དང་འཕྲུལ་འཁོར་ཉོ་སླད་སྒོར་ཁྲི་20གནང་བ་དང་། གྲོང་ཚོའི་དུད་ཚང་74ཚང་མས་མ་རྩ་མཉམ་འཇོག་བྱས་པ་བརྒྱུད། མིག་སྔར་མཉམ་ལས་ཁང་དེ་ནི་གྲོང་ཚོའི་ཡོང་འབབ་གསོག་སའི་རྟེན་གཞི་གལ་ཆེན་ཞིག་ལ་གྱུར་ནས། གྲོང་ཚོ་སྤྱི་ལ་ཡོང་འབབ་ཡོད་པ་དང་། ཁྱིམ་ཚང་ཡོངས་ལ་ཡོང་འབབ་ཡོད་པ་རེད། ལྷག་པར་དུ་མཉམ་ལས་ཁང་གིས་ཕྱི་ལ་ཡོང་འབབ་གསོག་པར་འགྲོ་མི་ཐུབ་པའི་དབུལ་པོའི་དུད་ཚང་གི་གྲོང་མི་དང་། དབང་པོ་སྐྱོན་ཅན་སོགས་ཁྱོན་མི་གྲངས་20ལྷག་ལ་དམངས་འཚོའི་གནད་དོན་གལ་ཆེ་ཤོས་ཏེ་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་སྦྲགས། ཁོང་ཚོར་སྤོས་སྦྱོར་གྱི་ལག་ཤེས་བསླབས་ནས་གྲོང་མི་ཚང་མར་ལས་ཀ་ཡོད་པ་དང་། ཡོང་འབབ་ཡོད་པ་བྱས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་། འགན་སྲུང་གསུམ”གྱི་ལས་འགན་མངོན་འགྱུར་དང་། དབུལ་སྒྲོལ་གྱི་ལམ་བུའི་ཐོག་ཏུ་མི་གཅིག་ཀྱང་མི་ལུས་པ་བྱེད་པའི་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ཡོད་ལ། སྤོས་སྦྱོར་བྱེད་སྟངས་ལའང་གསར་གཏོད་གང་མང་བྱས་ཡོད་པ་དཔེར་ན་ཁོང་ཚོས་ཐོན་སྐྱེད་བྱས་པའི་གཟིམ་སྤོས་ལ་སྣང་སའི་སྒྲུབ་ཆུ་བསྲེ་བ་དང་། སྣང་སའི་སྒྲུབ་གནས་ཀྱི་ཉེ་འཁོར་དུ་སྐྱེས་པའི་སྨན་རྩྭ་གྲགས་ཅན་སྤྱོད་ཀྱི་ཡོད་པས། ཁོང་ཚོའི་གཟིམ་སྤོས་ལ་གཙང་གཞུང་སྣང་སའི་གཟིམ་སྤོས་ཡང་ཟེར་བ་དང་། ཐུམ་སྒྲིལ་གྱི་ཐོག་ཏུའང་། “གངས་ལྗོངས་ས་མཐོའི་སྒྲུབ་ཆུ། སྣང་སའི་སྒྲུབ་གནས་སྨན་རྩྭ། སྤོས་ཁང་པ་ཡི་ཕྱག་རྒྱུན། གཙང་གཞུང་སྣང་སའི་གཟིམ་སྤོས”ཞེས་འཁོད་པ་ལས་རྟོགས་ཐུབ་བོ།

ལྷག་པ་གཡུ་སྒྲོན་ནི་པ་སྣམ་རྫོང་བྱང་སྟོད་ཤང་དགེ་འཕེལ་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། ཁྱིམ་ལ་ཁོང་དང་བྱང་སྟོད་ཤང་ལྟེ་བའི་སློབ་ཆུང་དུ་སློབ་གྲྭར་འགྲོ་བཞིན་པའི་བུ་བསྟན་འཛིན་ཆོས་འཕེལ་ལས་མེད། བཟའ་ཚང་ཁ་བྲལ་རྗེས་ཁྱིམ་ཚང་ཕྱི་ནང་གི་ཁུར་པོ་མཐའ་དག་ཁོང་གི་ཕྲག་པར་བབས། གཞན་ཡུལ་དུ་ཞོར་ལས་ཡོང་འབབ་གསོག་པར་སྐྱོད་ན་བུ་ལ་ལྟ་རྟོག་བྱེད་མཁན་མེད་པས། ཞིང་ལས་ཁོ་ན་བྱེད་པ་ལས་དཔལ་འབྱོར་གྱི་ཡོང་ཁུངས་གཞན་གང་ཡང་མེད་སྟབས། ཤང་མི་དམངས་སྲིད་གཞུང་གིས་ཁོ་མོའི་ཁྱིམ་ཚང་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་རེད། མཉམ་ལས་ཁང་བཙུགས་རྗེས། ཁོ་མོས་རང་འགུལ་ངང་མཉམ་ལས་ཁང་དུ་ལས་ཀར་ཡོང་ནས་སྤོས་སྦྱོར་གྱི་ལག་རྩལ་ཧུར་ཐག་སྦྱངས་པས། ད་ཆ་སྤོས་སྦྱོར་གྱི་ལག་རྩལ་ལ་བྱང་ཆུབ་ནས་ཁ་ལག་ཡོད་པའི་རྨང་གཞིའི་སྟེང་ཟླ་རེར་གླ་ཆ་སྒོར་3000ཙམ་ལེན་རྒྱུ་བྱུང་སྟེ་སྔ་མོ་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། ཁོང་གིས“མི་སུ་ཡིན་ཡང་དབུལ་པོའི་མིང་ཁུར་འདོད་ག་ལ་ཡོད། སྔོན་ཆད་ཕྱིར་ལས་ཀ་འཚོལ་བར་འགྲོ་བའི་བསམ་བློ་འཁོར་ཡང་། ཞིང་ལས་བྱེད་མཁན་མེད་པ་དང་བུ་ལ་ལྟ་རྟོག་བྱེད་མཁན་མེད་པས་ཡོང་འབབ་གསོག་ཐབས་མ་བྱུང་། མཉམ་ལས་ཁང་བཙུགས་རྗེས་ང་རང་ཡང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་མ་ཟད། ལག་རྩལ་སྣ་གཅིག་ཤེས་པས། ཟླ་བ་རེར་གླ་ཀྲིག་ཅར་དུ་ལེན་རྒྱུ་ཡོད་ཙང་། འཚོ་བའི་ཐད་སེམས་ཁྲལ་གཏན་ནས་མི་འདུག འགན་ལེན་གསུམ་གྱི་སྲིད་ཇུས་བཟང་པོས་བུ་ལའང་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བརྗོད།

གསར་འགོད་པས་ཁོང་ལ་སྨིན་དགོན་གཟིམ་སྤོས་བཟོ་གྲྭ་དེ་གྲོང་ཚོའི་ཞིང་འབྲོག་པའི་མཉམ་ལས་ཁང་དུ་བསྒྱུར་བའི་ཀུན་སློང་དང་བསམ་ཚུལ་གང་འདྲ་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས“ཆུང་དུས་ངའི་གཅེན་གཅུང་ཚང་མ་རང་མགོ་ཐོན་མེད་པས་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད། འོན་ཀྱང་ད་ལྟ་ངའི་གཅེན་པོ་ལྷ་སར་རིག་གནས་ཞིབ་འཇུག་གི་ལས་ཀ་བྱེད་ཀྱི་ཡོད་པ་དང་། གཅུང་མོ་གཉིས་པོའང་སློབ་ཆེན་ནས་ཐོན་ཏེ་ལྷ་སར་ལས་ཀ་བྱེད་ཀྱི་ཡོད་པས། འཚོ་བའི་ཐད་སེམས་ཁྲལ་ཅི་ཡང་མེད། རང་ཉིད་ནི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། རང་གི་སྤོས་སྦྱོར་ལག་རྩལ་དེ་མང་ཚོགས་ལ་བསླབས་ནས་ཁོང་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱེད་པའི་འགན་འཁྲི་ཡོད། དེ་འདྲ་བྱུང་ན་གྲོང་ཚོ་ཁྱོན་ལ་ཕན་པ་མ་ཟད། ང་རང་གི་ཕ་མེས་ནས་བཞག་པའི་སྤོས་སྦྱོར་ལག་རྩལ་དེ་མི་དེ་བས་མང་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་པས་ཡིན”ཞེས་བརྗོད།