《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

དམིགས་ཚད་ལས་འགན་གཏན་འཁེལ་བཟོ་བ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ལྗོངས་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྐྲུན་པའི་ལས་ཀའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གཅིག་གྱུར་དང་ཚད་ལྡན་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྐྲུན་རྒྱུ་ནི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། སྲིད་འཛིན་གྱི་དབང་ཆར་གཅུན་འདོམས་ནུས་ལྡན་བྱེད་པ་བཅས་ལ་ཕན་ཐོགས་ཡོད། རང་ལྗོངས་ཀྱིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་འགུལ་ངང་འབྲེལ་མཐུད་དང་སྐུལ་འདེད་ཧུར་ཐག་བཏང་བས་འཛུགས་སྐྲུན་ལས་དོན་གྱི་འཕེལ་རིམ་བདེ་བླག་དང་ཕན་འབྲས་རགས་ཙམ་ཐོན་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་སྐྲུན་མགྱོགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཐོག ཀྲུའུ་ཞི་ཆེ་དགྲ་ལྷས་ཟླ་6ཚེས་9ཉིན“དྲ་སྦྲེལ་+སྲིད་དོན་ཞབས་ཞུར”རྟོག་ཞིབ་གནང་སྐབས་ལས་ཡུལ་དངོས་སུ་གནང་བའི་བཀོད་སྒྲིག་བླང་བྱ་ལྟར། ཕྱར་བ་གྲུ་འདེགས་དང་རིམ་པ་བཞིན་སྐུལ་འདེད་བཏང་སྟེ་འདི་ལོའི་ཟླ་8པར་སླེབས་སྐབས་གཅིག་གྱུར་དང་ཚད་ལྡན་གྱི་ལྗོངས་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་རགས་ཙམ་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ལུགས་བསྟན་ཡོད།

ཚོགས་འདུའི་ཐོག་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་གང་ལེགས་འཛིན་པ། ཁྲིམས་མཐུན་ལུགས་མཐུན་མཐའ་འཁྱོངས་དང་། དམིགས་ཚད་ལས་འགན་གཏན་འཁེལ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་བྱེད་པོ་ཁག་གིས་ཁྲིམས་ལྟར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱེད་སྒོ་སྤེལ་རྒྱུར་ལས་ཆོད་ཆེ་ཞིང་ཚད་ལྡན་གྱི་ཞབས་ཞུ་ཕྱོགས་ཡོངས་ནས་མཁོ་འདོན་བྱེད་དགོས། སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་གསལ་ཆ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པོ་གཏོད་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། ཚེ་ཁོས་ཞུས)