《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

2019ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་སྙན་སེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་བཞི་པས་རང་ལྗོངས་ཀྱི་2019ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་སྤེལ་ཚུལ་ལ་དཔྱད་ཞིབ་སྐོར་ཞིབ་བྱས་ཤིང་། ཚེས་17ཉིན་ལྷ་སར་དཔྱད་ཞིབ་སྐོར་ཞིབ་ཀྱི་སྙན་སེང་ཚོགས་འདུ་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་སྡོད་ཁང་འཛུགས་སྐྲུན་པུའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ལི་རུའུ་ཧྲེང་གིས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་རང་ལྗོངས་ཀྱི་2019ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

ལི་རུའུ་ཧྲེང་གིས་བསྟན་དོན། དཔྱད་ཞིབ་སྐོར་ཞིབ་ལས་དོན་ཡག་པོ་བསྒྲུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་དང་། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་སྔོན་འགོག་དང་བཀག་འགོག་བྱེད་པའི་ནུས་ལྡན་གྱི་དམ་འཛིན་བྱ་གཞི། ཕྱོགས་ཁག་གིས་དོན་འཁྱོལ་དམ་འཛིན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་རེད། ད་ཐེངས་ཀྱི་དཔྱད་ཞིབ་སྐོར་ཞིབ་ཁྲོད་དཔྱད་ཞིབ་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དེ་དཔྱད་ཞིབ་སྐོར་ཞིབ་ཀྱི་གནས་བབ་ཨང་དང་པོར་བཞག་སྟེ། ས་ཁུལ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་བདའ་འདེད་གཏོང་བ”བཅས་དང“ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ”བཅས་ཀྱི་རྩ་དོན་དོན་འཁྱོལ་བྱས་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་སྐོར་ཞིབ་བྱ་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཀོད་སྒྲིག་བྱས་ཚུལ་ལ་མངོན་གསལ་དོད་པོས་གཙོ་གནད་ཐོག་དཔྱད་ཞིབ་སྐོར་ཞིབ་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ལས་བྱེད་པས་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ནས་དཔྱད་ཞིབ་སྐོར་ཞིབ་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་རྒྱུའི་རེ་བ་ཡོད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། རང་ལྗོངས་ཀྱིས་ད་ཐེངས་ཀྱི་དཔྱད་ཞིབ་སྐོར་ཞིབ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ནས། དཔྱད་ཞིབ་སྐོར་ཞིབ་ཀྱི་བླང་བྱར་ཞིབ་བསྡུར་བྱེད་པ་དང་། གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། དག་ཐེར་གྱི་དུས་བཅད་ཁ་གསལ་བཟོ་བ་བཅས་བྱས་ནས་དག་ཐེར་དོན་འཁྱོལ་ལ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཔྱད་ཞིབ་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་པ་དང་དུས་མཚུངས། བདེ་འཇགས་ཐོན་སྐྱེད་ཐད་མུ་མཐུད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས། ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག་བྱེད་པ། བདེ་འཇགས་འགོག་ཟོན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་འཛོལ་སྣ་ཚོགས་ཐོན་རྒྱུ་ནན་འགོག་བྱེད་པ་བཅས་ཀྱི་ཁར“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་ཀྱི་འགན་ལེན་བྱེད་དགོས།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)