《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月19日

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་30པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་30པ་འཚོགས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་དང་། ང་ཕོད་འཇིགས་ཡོན། སྒྲོལ་དཀར། བཀྲ་ཤིས་ཟླ་བ་བཅས་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག 《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》མཉམ་སྡེབ་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དུས་བབ་དང་དགོས་མཁོ་གསར་པར་གཞིགས་ཏེ་རྒྱལ་ཁབ་ཀྱི་རིམ་ངོས་ནས་གཏན་འབེབས་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་དགོས་མཁོ་དང་། ཤང་ཀང་དར་རྒྱས་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བའི་དགོས་མཁོ། ཤང་ཀང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དགོས་མཁོ་བཅས་ཡིན་པས། སྤུན་ཟླ་ཤང་ཀང་བ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་མོས་མཐུན་ཐོབ་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། 《གཏན་འབེབས》ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས《གཏན་འབེབས》སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྱོང་ཁྲོད་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། རིགས་ཁོངས་ཁག་གི་མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་ཧུར་ཐག་སྒྲུབ་པ། རིགས་ཁོངས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་བདེ་འཇཌ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་སྟོབས་སྔར་བས་བརྟན་དུ་གཏོང་དགོས། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ནུས་ཤུཌ་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག 《སྲིད་གྲོས་ཨུ་ཡོན་ཁག་གཅིག་སྒྲིག་འཛུགས་བྱས་ནས“རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་ལ་འགྱུར་བ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”གཟིགས་ཞིབ་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམིགས་བསལ་ཐུགས་ཁུར་གནང་ནས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞེས་མཛུབ་སྟན་གནང་ཡོད། ཨུ་ཡོན་གྱི་གཟིགས་ཞིབ་ནི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་། བྱས་རྗེས་ཧུར་ཐག་འཇོག་པ། ཐབས་འདོན་ཇུས་འདོན་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཕྱར་བ་གྲུ་འདེགས་དང་ཕྱོགས་གཅིག་ཏུ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། མི་དང་རང་བྱུང་ཁམས་དེ་བས་འཆམ་མཐུན་བཅས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། ཚེ་ཁོས་ཞུས)