《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

ན་ནིང་རང་ལྗོངས་ཀྱི་བདེ་འཇཌ་ཐོན་སྐྱེད་ལས་འཛོལ་ཐོན་ཚད་ཉུང་དུ་སོང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། 2019ལོའི་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་དེ་དུས་མཚུངས་ལས“གསུམ་ཆག་པ”མངོན་འགྱུར་བྱུང་བ་དང་། བདེ་འཇགས་ལས་འཛོལ་སྣ་ཚོགས་ཀྱི་སྤྱི་འབོར་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ལས་འཛོལ་ཐོན་གྲངས་3.47%ཆག་པ་དང་། ཅུང་ཆེ་བའི་ལས་འཛོལ་ཐོན་གྲངས་དང་ཤི་བའི་མི་གྲངས་40%དང་42.9%སོ་སོར་ཆག་ཡོད། ལྗོངས་ཡོངས་སུ་ལས་འཛོལ་ཆེན་པོ་དང་ཚབས་ཆེན་གང་ཡང་ཐོན་མེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད་པ་རེད།

བདེ་འཇགས་དུས་བབ་བརྟན་ལྷིང་ཡོང་བར་འགན་ལེན་བྱ་ཆེད། རང་ལྗོངས་ཀྱི་རིམ་ཁག་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། རིམ་རྩིས་བྱས་ན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས(ཚན་པ)2723ལ་ཞིབ་བཤེར་བྱས་པ་དང་ཁྲིམས་འཛིན་ཞིབ་བཤེར་ཐེངས་2873བྱས་པ་རེད།

བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད། རང་ལྗོངས་ཀྱིས་ལས་ཀའི་དོན་དངོས་ལ་གཞི་བཙུགས་ནས“བདེ་འཇགས་ཐོན་སྐྱེད་ཀྱི་ཟླ་བ”ཨང་18པ་དང“བདེ་འཇགས་ཐོན་སྐྱེད་ཀྱི་བོད་སྐྱོད་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བརྙན་འཕྲིན་དང་། ཚགས་པར། སྐད་འཕྲིན། སྤྱི་ཕན་དྲིལ་བསྒྲགས་སོགས་ལས་སྟེགས་བརྒྱུད་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གེགས་འགོག་གེགས་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་སྔོན་འགོག་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)