《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

ན་ནིང་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུ་ཐོན་འཚོང་བྱེད་ཚད་ཏུན་ཁྲི་60.68ཟིན་པ།

བོད་ཀྱི་ཆུ་བཟང་ལ་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9.8ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལས་དོན་བཀོད་སྒྲིག་དང་ཐོན་འཚོང་འབྲེལ་མཐུད་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ཚོགས་འདུའི་ཐོག 《2020ལོའི་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་ཇུས་གཞི》བཀོད་སྒྲིག་དང་རང་བྱུང་འཐུང་ཆུའི་ཐོན་རྫས་ལས་ཁུངས་དང་། སློབ་གྲྭ ཁེ་ལས། མཛེས་ལྗོངས་ཁུལ། ཨར་ཁང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་སྤྱོད་པའི་འབྲེལ་ཡོད་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་རང་བྱུང་འཐུང་ཆུ་དེ་ཉིད་ཐོན་ལས་གཙོ་བོར་བརྩིས་ཏེ་ནུས་ཤུགས་ཡོད་རྒུས་བཏོད་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། 2019ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུ་ཐོན་འཚོང་བྱེད་ཚད་ཏུན་ཁྲི་60.68ཟིན་པ་དེ་2012ལོའི་ལྡབ་6ཡིན་པ་དང་ལོར་ཆ་སྙོམས་འཕར་ཚད་30%ཟིན་པ་དང་། ལྗོངས་ཡོངས་ཀྱི་ཐོན་ལས་གཙོ་བའི་ཁྲོད་འཕར་མགྱོགས་ཤོས་ཀྱི་ཐོན་ལས་ཤིག་ཡིན་པ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9.8ཟིན་པ་དེ2012ལོའི་ལྡབ་2.1ཡིན་པ་དང་ལོར་ཆ་སྙོམས་འཕར་ཚད་11%ཟིན་པའི་ཁྲོད་གཞི་ཁྱོན་ཡན་གྱི་ཆུའི་ཁེ་ལས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8ཟིན་ནས་ལྗོངས་ཡོངས་ཀྱི་འཛད་རྫས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་སྤྱིའི་ཐོན་རྫས་རིན་ཐང་གི་19%བཟུང་ཡོད། སྤྱིའི་ཆ་ནས་བལྟས་ཚེ། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་འཕེལ་རྒྱས་ལ“བརྟན་ཁྲོད་ལེགས་སུ་འགྲོ་བའི”རྣམ་པ་མངོན་ཡོད་པ་རེད།