《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

མི་སྤྱི་པུའི་བརྟག་ཞིབ་ཚོགས་ཆུང་བོད་དུ་ཡོང་ནས་རང་ལྗོངས་ཀྱི་ལས་ཞུགས་དབུལ་སྐྱོར་སོགས་ཀྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་བྱས་པ།

འདི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་བོད་དུ་རང་ལྗོངས་ཀྱི་ལས་ཞུགས་དབུལ་སྐྱོར་ལས་དོན་སྤེལ་ཚུལ་དང་བོད་ཀྱི་ལག་རྩལ་པའི་སློབ་གླིང་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་ཞིབ་བྱེད་པར་ཡོང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭ་ནི་ལྗོངས་ཡོངས་སུ་མི་སྤྱི་སྡེ་ཚན་གྱིས་སློབ་གྲྭ་འཛུགས་རྒྱུའི་ཆོག་མཆན་སྤྲད་པའི་དམངས་གཉེར་ལག་རྩལ་བཟོ་པའི་སློབ་གྲྭ་དང་པོ་དེ་ཡིན་ཞིང་། བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཐང་ག་བཞེངས་ཁང་དང་། ལྕགས་རིགས་རྡུང་ཁང། རྫ་ཆས་བཟོ་ས་སོགས་སུ་བསྐྱོད་ནས་སློབ་གྲྭས་རྩལ་ནུས་དབུལ་སྐྱོར་གྱི་སློབ་གསོའི་ནུས་པ་བཏོན་པ་དང་། ས་ཁུལ་དབུལ་པོའི་མང་ཚོགས་ལ་ལས་ཞུགས་དང་ལས་གཏོད་ཀྱི་རྩལ་ནུས་གཅིག་བྱང་ཆུབ་པ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་རེད།

བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སྐབས་འཕྲལ་གྱི་སློབ་ཁྲིད་བྱ་ཡུལ་དུ་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཐང་ག་བཞེངས་ཁང་དང་། གློག་བཟོའི་དངོས་སྦྱོང་ཁང་། གློག་ཆས་སྒྲིག་སྦྱོར་དངོས་སྦྱོང་ཁང་སོགས་སུ་བསྐྱོད་ནས་སློབ་མ་ཚོ་དང་བྱམས་བརྩེའི་སྤེལ་རེས་བྱས་པ་དང་། ཁོང་ཚོར་ལག་རྩལ་སྣེ་གཅིག་ཤེས་པ་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

ཐང་ཐའོ་ཡིས་བོད་ལྗོངས་མི་སྤྱི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་མི་དོན་དང་ཤེས་ལྡན་པའི་ལས་དོན་གྱི་གནས་ཚུལ་གསར་པ་དང་། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་བཙུགས་ཏེ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། ཤེས་ལྡན་པ། ཞིང་པ་ལས་མི་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་བོད་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

ཅང་ཅེས་མི་སྤྱི་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་མི་སྤྱིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་སྤྱིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་རྒྱ་ཆེར་གཏོང་བ་དང་རྩལ་ནུས་དབུལ་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ལས་ཀ་བརྟན་པོ་དང་དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ་ཡོང་བ་བྱས་ཡོད་ཅེས་གསུངས་པ་རེད།