《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月18日

ཏིང་ཡེ་ཤན་གྱིས་སློབ་གསོ་སློབ་ཁྲིད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་བཅས་སུ་ཕེབས་ནས་རིགས་ཁག་གི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས། དུས་རབས་གསར་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་འདུ་འགོད་ལག་བསྟར་བྱས་ཏེ་སློབ་གསོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ནུབ་ཕྱོགས་སློབ་ཁུལ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་སློབ་གྲྭ་དང་པོའི་དངོས་སྦྱོང་རྟེན་གཞིར་ཕེབས་ནས་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་གཟིགས་ཏེ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གྱོན་ཆས་ཇུས་འགོད་སོགས་ཆེད་ལས་སློབ་སྦྱོང་བྱེད་མཁན་སློབ་མ་ཚོར་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་སུ་དམ་པོར་འབྲངས་ནས་ཇུས་འགོད་ཀྱི་འདུ་ཤེས་གསར་གཏོད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། འབྲེལ་ཡོད་སྡེ་ཚན་ཁག་ལ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་གོ་སྐབས་དམ་འཛིན་བྱས་ཏེ་དེང་རབས་ཀྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པོའི་གནས་བབ་ཐོག་བཞག་སྟེ། ཁྲོམ་རར་ཁ་ཕྱོགས་ནས་སློབ་གྲྭ་དང་ཁེ་ལས་ཟུང་འབྲེལ་དང་། ཐོན་སློབ་མཉམ་འདྲེས་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྷ་ས་པེ་ཅིང་སློབ་ཆུང་དང་དེའི་ཞོར་གཏོགས་བུ་བཅོལ་ཁང་དང་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་དང་པོར་ཏིང་ཡེ་ཤན་གྱིས་དགེ་སློབ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་སློབ་གསོའི“འགན་ལེན་གསུམ”གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཡང་ཁ་འབྲལ་ཐབས་མེད། ད་ལྟ་ཁྱོད་ཚོས་སྤྱོད་བཞིན་པའི་ཁབ་སྐུད་རེ་རེ་དང་འབྲུ་རྡོག་རེ་རེ་་སོགས་ཚང་མའི་ནང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་འདུས་་ཡོད་ལ། དེར་ཕ་མའི་སེམས་ཤུགས་དང་རྔུལ་ཆུའང་འདུས་ཡོད་པས་ཚང་མས་རྒྱུན་དུ་དྲིན་ཚོར་གྱི་བསམ་པ་བཅངས་ནས། སློབ་སྦྱོང་བྱེད་རིང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་ཕ་ཡུལ་དང་ཕ་མར་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་མཐོ་སློབ་ཁག་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ནས་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་དགོས། ཀུན་སྤྱོད་མི་སྐྱོང་གི་རྩ་བའི་ལས་འགན་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་ནང་འགོད་པ་དང་། སློབ་ཚན་ཐོག་ཁྲིད་པ། བསམ་བློར་ཟུག་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་བྱིས་པ་ཚོ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འཚར་ལོངས་ཡོང་བར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)