《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

སྒྲོག་འགྲེལ་པ་ཕུར་བུའི་ལས་འགན་དང་འགན་འཁྲི།

ཤན་རྩ་རྫོང་གི་གོང་འོག་ཀུན་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཚ་ཚ་འུར་འུར་ངང་སློབ་སྦྱོང་བྱེད་སྐབས། ཤན་རྩ་རྫོང་སྨད་པ་ཤང་གི་གྲོང་ཚོ་ཨུ་ལྷན་ཁག་དང་ཕྱུགས་འཚོ་སར་སྒྲོག་འགྲེལ་པ་ཞིག་གི་གཟུགས་བརྙན་རྟག་ཏུ་མཐོང་རྒྱུ་ཡོད།

ཁོང་ནི་ཤན་རྩ་རྫོང་སྨད་པ་ཤང་གི་འབྲོག་པའི་སྒྲོག་འགྲེལ་པ་ཕུར་བུ་རེད། ས་སྐྱེས་རྡོ་སྐྱེས་ཀྱི་སྨད་པ་བ་ཞིག་ཡིན་པའི་ཁོང་གིས་སྒྲོག་འགྲེལ་ལོ་མང་བྱས་པས་ད་ཆ་ལས་ཀ་དེར་རྒྱུས་མངའ་ཆེན་པོ་ཡོད་པ་རེད།

སྒྲོག་འགྲེལ་ཡག་པོ་ཞིག་བྱེད་ཆེད། ཕུར་བུས་རྟག་ཏུ་ཟས་བརྗེད་གཉིད་ཆག་ངང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གི་འབྲེལ་ཡོད་དཔྱད་ཡིག་ལ་གོ་བ་ཞིབ་ཕྲ་ལེན་པ་དང་། ཟིན་བྲིས་འགོད་པ། སློབ་ཚན་གྲ་སྒྲིག་བཅས་བྱས་པ་དང་ཆབས་ཅིག ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་ཧྲུའུ་ཅི་དང་པོར་བཀའ་འདྲི་ཞུས་ཏེ་བསམ་འཆར་ཉན་པ་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་ཀྱི་ཡོད། མི་རིང་བར་སྒྲོག་འགྲེལ་ཟིན་བྲིས་མཐུག་པོ་ཞིག་གྲུབ་ཅིང་། ཕུར་བུ་རང་ཉིད་ཀྱང་སྒྲོག་འགྲེལ་གྱི་ལས་དོན་ལ་སྔར་བས་ཡིད་ཆེས་ཀྱིས་ཁེངས་པར་གྱུར།

སྒྲོག་འགྲེལ་ཚོགས་འདུའི་ཐོག ཕུར་བུས་སྒྲོག་འགྲེལ་གྱི་ནང་དོན་ལ་བསྐྱར་བཤད་བྱས་པ་ཙམ་མ་ཡིན་པར། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་འཕྲད་སྐབས། ཁོང་གིས་མང་ཚོགས་ཀྱི་ཉེ་འགྲམ་དུ་ལྷག་པའི་གནས་ཚུལ་དང་མང་ཚོགས་ཀྱི་འཚོ་བའི་ནང་འཕྲད་པའི་གནད་དོན་དྲངས་ཏེ་གསལ་བཤད་དང་གསལ་འགྲེལ་རྒྱག་གི་ཡོད།

ཕུར་བུའི་སློབ་ཚན་གསོན་ཉམས་དོད་པ་དང་གོ་བདེ་རྟོགས་སླ་བས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། མང་ཚོགས་ཀྱིས་ཕུར་བུའི་སྒྲོག་འགྲེལ་ལ་ནན་ཏན་ཉན་རྗེས། རང་ཉིད་ཀྱི་དོན་དངོས་གནད་དོན་དང་ཟུང་འབྲེལ་བྱས་ནས་དྲི་བ་བཏོན་པར་ཕུར་བུས་ངང་རྒྱུད་རིང་པོས་ལན་རྒྱག་གི་ཡོད།

སྒྲོག་འགྲེལ་རེ་རེ་ཚར་རིམ་བཞིན། ཕུར་བུའི་ཞིབ་ཚགས་དང་སེམས་རྩ་འཁོལ་བའི་གཤིས་རྒྱུད་ལ་ཚང་མའི་དགའ་བསུ་ཐོབ་ཡོད། “ཁྱེད་རང་གིས་སློབ་ཚན་ཧ་ཅང་ཡག་པོ་འཁྲིད་ཀྱི་འདུག་ལ་ང་ཚོའི་དོན་དངོས་གནས་ཚུལ་དང་མཐུན་པོ་འདུག དེ་ནི་ངས་ཉན་པའི་སྒྲོག་འགྲེལ་ཡག་ཤོས་ཤིག་རེད་འདུག”ཅེས་ཁ་བཏགས་གཡོགས་མཁན་འབྲོག་པ་མང་ཚོགས་ཀྱིས་བརྗོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)