《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས།

བཅའ་སྡོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅའ་སྡོད་བྱས་ཚུན། ཡུལ་དངོས་སུ་རྟོག་ཞིབ་དང་། འཚོལ་ཞིབ། བཅའ་སྡོད་གྲོང་ཚོའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བཅས་བྱས་ཏེ། རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། རྩལ་ནུས་མཐོ་རུ་གཏོང་བ། ལམ་བུ་ཇེ་ཡངས་སུ་གཏོང་བ་བཅས་དམ་འཛིན་བྱ་གཞིར་བྱས་ནས་བཅའ་སྡོད་གྲོང་ཚོའི་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཀྱི་འགན་ལེན་བྱས་ཤིང་། དབུལ་སྒྲོལ་བྱུང་རྗེས་ལྷོད་གཡེང་མ་ཤོར་བ་བྱ་ཆེད། མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྟག་ཞིབ་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ། བཅའ་སྡོད་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། དོན་དངོས་གཞིར་བཟུང་གྲོང་ཚོ“ཨུ་ལྷན”གཉིས་དང་མཉམ་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཕྱོགས་ཡོངས་ནས་སྤྱི་འདོམས་འཆར་འགོད་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་ཇུས་འགོད་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་རེད།

ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་བཏང་ཤིང་། མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅའ་སྡོད་བྱས་ཚུན། ཐོག་མཐའ་བར་གསུམ་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་གྱི་འགག་རྩར་བརྩིས་ནས་བརྟག་ཞིབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་མིག་སྔའི་དུས་བབ་ཁོང་དུ་གསལ་པོ་ཆུད་པར་བྱས་ཏེ། བཅའ་སྡོད་གྲོང་ཚོ་དབུལ་སྒྲོལ་ཡོང་བར་གནས་ཚུལ་གསལ་རྟོགས་དང་ཁ་ཕྱོགས་ལམ་སྟོན་བྱས་ཡོད། ལྷག་པར་དུ་རྫོང་ཡོངས་ཀྱིས་ཀ་རྟེན་ལྟ་བུའི་ཇའི་ཐོན་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པའི་རྨང་གཞིའི་ཐོག་བཅའ་སྡོད་གྲོང་ཚོའི་ད་ཡོད་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་ཕྱུག་འགྱུར་གྱི་ལམ་བུ་སྔར་བས་ཇེ་ཡངས་སུ་བཏང་ནས་གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མ་ཕྱུག་འགྱུར་ཐུབ་པའི་འགན་ལེན་བྱས་པ་རེད།

(སྐལ་མཆོག་གིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)