《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

དཔྱིད་ཀྱི་དུས་བཟང་དམ་འཛིན་གྱིས། ལོ་ཏོག་འདེབས་པའི་ལས་ལ་བྲེལ།

—— མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྨོན་གཉའ་གཅོག་པའི་མཛད་སྒོའི་སྐོར་གྱི་མཐོང་ཐོས།

དཔྱིད་རླུང་དལ་གྱིས་ལྡང་། ལྗང་མདོག་མྱུ་གུ་འབུས། དཔྱིད་དུས་ཀྱི་དྲོ་འཇམ་ཉི་འོད་འོག་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོ་སྟོད་ཁང་ཚོགས་ཆུང་གིས་སྟབས་བདེ་ལ་འཁྲུག་ཆ་དོད་པའི་རྨོན་གཉའ་གཅོག་པའི་མཛད་སྒོ་གཉེར་ནས་2020ལོའི་ས་བོན་དང་པོ་འདེབས་འགོ་ཚུགས།

མཛད་སྒོ་གཉེར་རིང་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་མང་ཚོགས་ཀྱིས་གྲལ་སྟར་འགྲིག་པའི་ཐོང་གཤོལ་འཕྲུལ་འཁོར་བཅུ་ལྷག་ཙམ་ལ་ཁ་བཏགས་གཡོགས་ཏེ་ཕན་ཚུན་ཆང་བཀྱཌ་པ་དང་འབྲེལ། བསང་བཏང་ནས་ད་ལོ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་འབྲས་བཟང་སྨིན་པའི་སྨོན་འདུན་ཞུས་པ་རེད། དེ་རྗེས་སྐྱེས་པ་ཚོས་ཐོང་གཤོལ་འཕྲུལ་འཁོར་བཏང་ནས་ས་སློག་པ་དང་བུད་མེད་ཚོས་ནས་བོན་རེ་བས་ཁེངས་པའི་ས་གཞིར་བཤོས་པས། དེ་གར་ཡོད་པའི་མི་ཚང་མའི་ངོ་གདོང་ལས་འབྱུང་འགྱུར་ལ་རེ་བས་ཁེངས་པའི་འཛུམ་མདངས་འཕྱུར།

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་ཆེད། སྤུ་ཧྲེང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་སྔ་རྗེས་སུ་མི་ཐེངས་20གཞི་རིམ་དང་ཞིང་ནང་དང་མུ་ཁར་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། ད་དུང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ནད་འབུའི་གནོད་འཚེ་འགོག་བཅོས་དང་། སོན་ལུད་སྡེབ་སྦྱོར་གྱི་བསྡུར་གྲངས། འདེབས་ལས་དོ་དམ། ས་བོན་ལེགས་འདེམས་སོགས་ཀྱི་ཐད་མང་ཚོགས་ལ་ལག་རྩལ་མཛུབ་ཁྲིད་བྱས་ནས། ཞིང་པར“བློ་བདེའི་ས་བོན་དང་། རྫས་ལུད། ཞིང་སྨན”བཅས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

འདི་ལོ་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོ་སྟོད་ཁང་ཚོགས་ཆུང་སྤུ་ཧྲེང་རྫོང་གི་ཞིང་འབྲོག་ཁུལ་གྱི་ཚོད་ལྟའི་ས་ཚིགས་ཤིག་ཡིན་པའི་ངོས་ནས། ཞིང་འབྲོག་པར་འབབ་འཕར་ཡོང་བའི་འགན་ལེན་བྱེད་རྒྱུ་གཙོ་རྐང་དུ་བྱས་ཏེ། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་ཚོད་འཛིན་ཐེབས་པའི་གྲོང་གསེབ་ཀྱི་ས་ཞིང་ཐོག་གསར་གཏོད་དང་ཚད་བརྒལ་ཧུར་ཐག་བྱེད་པ་དང་། ཞིང་ལས་གཉེར་སྐྱོང་བྱ་ཐབས་དང་། སྒྲིག་འཛུགས་བྱ་ཐབས། འཕེལ་རྒྱས་གཏོང་སྟངས་བཅས་ལ་འགྱུར་ལྡོག་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་བ། སྤུ་ཧྲེང་རྫོང་ཙམ་མ་ཟད་ཐ་ན་མངའ་རིས་ས་ཁུལ་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཡོང་བར་ཐབས་ལམ་འཚོལ་བ་དང་ཉམས་མྱོང་གསོག་འཇོག་བྱེད་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ནང་ཞིང་འབྲོག་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བཅས་བྱས་ཏེ་ཞིང་འབྲོག་པར“འགྱུར་ལྡོག་གཏོང་འདོད་པ་དང་རྒྱུན་མཐུད་ཐུབ་པའི”འགན་ལེན་བྱས་ཡོད་པ་རེད།

གོང་གི་པར་ནི་སྤུ་ཧྲེང་རྫོང་གི་རྨོན་གཉའ་གཅོག་པའི་མཛད་སྒོ་གཉེར་ཡུལ་ཡིན་པ།