《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་2020ལོའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་15ཉིན་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་19པ་ཡིན་ཞིང་། ཉིན་ཤས་གོང་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས《བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་2020ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ལྗོངས་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་རྒྱུའི་ཇུས་གཞི》བཀྲམ་ནས(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ལྗོངས་ཡོངས་ཀྱི་གནམ་གཤིས་སྡེ་ཚན་ལ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་། བདེ་འཇགས་དྲིལ་བསྒྲགས་བློ་འདྲིའི་ཉིན་མོ། འཕྲལ་སྡོམ་ནང་སྦྱོང་། བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་ཉེན་བརྡ་གཏོང་བའི་སློབ་གསོ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་དགོས་པའི་བཀོད་སྒྲིག་བྱས་པ་དང་ཆབས་ཅིག་བླང་བྱ་ཁ་གསལ་ཡང་བཏོན་པ་རེད།

《ཇུས་གཞིའི》ནང་ལྗོངས་ཡོངས་ཀྱི་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཤེས་བྱ་ཞིང་འབྲོག་ཁུལ་དང་། སྡེ་ཁུལ། སློབ་གྲྭ ཁེ་ལས། ཁྱིམ་ཚང་བཅས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་འཕྲལ་སྡོམ་ཉེན་སེལ་རང་སྐྱོབ་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་དགོས་པ་དང་། “6·16”བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་དྲ་ཐོག་བྱེད་སྒོ་སྤེལ་ནས་སྡེ་ཚན་ཁག་གིས་ད་ཡོད་ཀྱི་སྨྱན་སྦྱོར་གསར་པའི་ཐོན་ཁུངས་གང་ལེགས་སྤྱད་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། དེ་བཞིན་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་བཅས་ཀྱི་རྒྱུན་ཤེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་དགོས་པ། རྒྱ་ཆེའི་གནམ་གཤིས་ལས་བྱེད་ལས་བཟོར་དྲ་ཐོག་ནས་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་བརྙན་ཐུང་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་བསྟན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཐོག་ནས་བདེ་འཇགས་ཉེན་བརྡ་གཏོང་བའི་སློབ་གསོའི་བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་ལས་བཟོའི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།