《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

རླབས་ཆེན་སྐྱེད་མའི་བྱམས་སེམས་ལས། བུ་ཕྲུག་གསུམ་གྱི་མདུན་ལམ་བཤངས།

ཚེ་རིང་ཆོས་འཛོམས་ནི་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་གྲོང་ཚོ་བཅུ་གསུམ་ནས་ཡིན་པ་དང་། ལོ་20ལྷག་ཙམ་རིང་ཁོང་གིས་གླ་པ་བྱས་ནས་ཞབས་ཞུ་མ་བྱེད་མྱོང་ལ་ཞལ་ཏོག་ཚོང་ཁང་འཛུགས་མྱོང་ཡོད། ཁོང་གིས་སྔ་ཕྱི་བར་གསུམ་དུ་རང་བརྟེན་དབུལ་སྒྲོལ་གྱི་ཐབས་ལམ་མཐའ་འཁྱོངས་བྱས་ཏེ་ཁྱིམ་ཚང་གི་ཁུར་པོ་ཡོད་ཚད་ཕྲག་ཐོག་ཏུ་ཁུར་ཡོད། ཁོང་གིས་ལོ་20ལྷག་ཙམ་རིང་དཀའ་སྡུག་བཟོད་བསྲན་གྱིས་ཕྲུ་གུ་གསུམ་པོ་བྱམས་ཀྱིས་བསྐྱངས་ནས་སློབ་ཆེན་ལ་རྒྱུགས་འཕྲོད་པ་བྱས་ཏེ་ཁོང་ཚོར་མི་ཚེའི་ལམ་བུ་གསར་པ་ཞིག་བཏོད་པ་རེད།

“དཀའ་ངལ་ག་ཚོད་ཆེ་ཡང་ཕྲུ་གུ་ཚོ་སློབ་གྲྭར་གཏོང་ཐུབ་པ་བྱེད་ཀྱི་ཡིན”

ལོ་20ལྷག་ཙམ་གོང་ཁོང་གི་བཟའ་ཟླ་གྲོངས་པ་དང་། དེ་ནི་ལོ་30ལ་སླེབས་པའི་ཚེ་རིང་ཆོས་འཛོམས་ཀྱི་ངོས་ནས་བརྗོད་ན་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཞིག་རེད། ཁྱིམ་དུ་ཆགས་ས་རྟེན་ས་མེད་ལ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་མེད་པས་དཀའ་ངལ་མཐའ་དག་ཁོང་མི་གཅིག་གི་ཕྲག་ཐོག་ཏུ་བབས། སྐབས་དེ་དུས་ཕྲུ་གུ་གསུམ་ནི་ཁོང་གི་རེ་བ་དང་སྒུལ་ཤུགས་འབའ་ཞིག་ལ་གྱུར་ཡོད།

འཚོ་བའི་ཆེད་དུ་ཚེ་རིང་ཆོས་འཛོམས་ཀྱིས་ལས་ཀ་མང་པོ་བྱེད་མྱོང་བ་སྟེ། རྫོང་གྲོང་སྣེ་ལེན་ཁང་དུ་ཞབས་ཞུ་མ་དང་། རླངས་འཁོར་འཇོག་སའི་བདེ་སྲུང་མི་སྣ། ཐ་ན་ཨར་སྐྲུན་ལས་ཡུལ་གྱི་ལས་མི་དཀྱུས་མ་སོགས་བྱེད་མྱོང་ཡོད། སྐབས་འགར་ལྕི་བ་བསྒྲུགས་ནས་ཡོང་འབབ་ཕྲན་བུ་རག་ཐབས་བྱེད་ཀྱི་ཡོད། དཀའ་ལས་དེ་ལྟ་བུ་བརྒྱབ་ཀྱང་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་1.5ཙམ་ལས་མེད་སྟབས། འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད།

ཕྲུ་གུ་ཚོ་ཉིན་རེ་བཞིན་འཚར་ལོངས་བྱུང་བ་དང་སྦྲགས་སློབ་གྲྭར་གཏོང་མིན་གྱི་གནད་དོན་དེ་ཚེ་རིང་ཆོས་འཛོམས་ཀྱི་སེམས་ནད་ཅིག་ཏུ་གྱུར་ཡོད། མཐའ་འཁོར་གྱི་གྲོང་པ་ཁྱིམ་མཚེས་ཚོས་ཀྱང“ཁྱིམ་དུ་དཀའ་ངལ་དེ་ལྟ་བུ་ཡོད་ན་སློབ་གྲྭར་གཏོང་བའི་དགོས་པ་མེད། ཁོང་ཚོ་ཁྱིམ་དུ་བཞག་ཚེ་རང་ལ་དབྱར་རྩྭ་དགུན་འབུ་འཐུ་རོགས་དང་ནོར་ལུག་འཚོ་རོགས་བྱེད་ཐུབ”ཅེས་བརྗོད་མྱོང་ཡོད།

“དཀའ་ངལ་ག་ཚོད་ཆེ་ཡང་ཕྲུ་གུ་ཚོ་སློབ་གྲྭར་གཏོང་ཐུབ་པ་བྱེད་ཀྱི་ཡིན། སློབ་གྲྭར་ཕྱིན་ན་གཞི་ནས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ། ང་ལྟར་རིག་གནས་མེད་པའི་མི་ཞིག་ཏུ་གྱུར་ཚེ་ཚེ་གང་དཀའ་ལས་རྒྱག་དགོས་ཀྱི་རེད”ཅེས་ཚེ་རིང་ཆོས་འཛོམས་ཀྱིས་ཁོང་ཚོ་སློབ་གྲྭར་གཏོང་རྒྱུའི་ཐག་བཅད།

“དཀའ་ལས་ག་ཚོད་རྒྱག་དགོས་ཀྱང་རྒྱག་རིན་ཡོད”

ཕྲུ་གུ་ཚོ་སྣང་བ་སྐྱིད་པོས་སློབ་གྲྭར་འགྲོ་ཐུབ་པ་བྱ་ཆེད། ལོ་ནས་ལོ་བར་དཀའ་ལས་དུ་མ་བརྒྱབ་པའི་དབང་གིས་ཚེ་རིང་ཆོས་འཛོམས་ཀྱི་གཟུགས་པོ་གཅོང་དུ་ཕྱིན་ནས་ནད་མང་པོ་ཕོག འོན་ཀྱང་ཁོང་གིས་ངལ་གསོས་ནས་གཏན་ནས་སྡོད་ཀྱི་མེད་པ་རེད།

ཉིན་མོ་ལས་ཀར་འགྲོ་བ་ཕུད། དགོང་མོ་ཁོང་གིས་ད་དུང་གྲུམ་བུའི་ན་ཟུག་དང་མིག་ཤེད་ཡག་པོ་མེད་པའི་དཀའ་ངལ་ཁྱད་དུ་བསད་དེ་མི་རིགས་ཀྱི་ལག་ཤེས་ཐོན་རྫས་བཟོས་ནས་དངུལ་གསོག་གི་ཡོད། སྐབས་འགར་དཀའ་ལས་ཁག་དྲགས་པ་དང་ནད་ཀྱིས་མནར་ཏེ་ཉིན་གང་མལ་སར་ལུས་ཀྱང་སྨན་ཁང་དུ་འགྲོ་ཕོད་ཀྱི་མེད། གྲོང་མི་ཁྱིམ་མཚེས་ཚོས་ཁོང་ལ་སྨན་ཁང་དུ་བརྟག་དཔྱད་ཡག་པོ་ཞིག་བྱེད་པར་འགྲོ་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཀྱང་ཁོང་གིས“གནད་འགག་མི་འདུག ཉིན་ལྟར་ཕྲུ་གུ་ཚོའི་འཛུམ་མདངས་མཐོང་དུས་ན་ཚ་ཚང་མ་དྲག་སྐྱེད་ཡོང་གི་འདུག”ཅེས་ལན་རྒྱག་གི་ཡོད།

ཕྲུ་གུ་ཚོ་ཡང་བསམ་ཤེས་ཐུབ་པོ་དང་བསྙེན་བཀུར་ཆེན་པོ་ཡོད། ལོ་ལྟར་གྱི་དགུན་གསེང་དང་དབྱར་གསེང་སྐབས། ཨ་མར་ཁྱིམ་ལས་བྱེད་རོགས་བྱེད་པ་ཕུད། གཅེན་མོ་དབང་མཚོ་དང་མཉམ་དུ་རྫོང་གྲོང་གི་ཟ་ཁང་དང་ཇ་ཁང་ནང་གླ་པ་རྒྱུག་པར་ཕྱིན་ནས་གླ་ཆས་ཨ་མར་སྨན་དང་འཚོ་བཅུད་ཆེ་བའི་ཟས་ཉོ་ཡི་ཡོད།

“ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་སྤེལ་བ་དང་བསྟུན་ནས་2015ལོར་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་ཡང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་ཚང་མར་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཟོས་པས་ནང་མི་བཞི་པོ་ཚང་མར་ལོ་ལྟར་མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ཀྱི་ཡོང་འབབ་སྒོར་15129ལོངས་སུ་སྤྱོད་རྒྱུ་ཡོད། དེའི་ཐོག་སྨན་རིན་དང་སློབ་ཡོན་ཚང་མ་རྩིས་ཞུ་བྱེད་ཀྱི་ཡོད་པས་ཚེ་རིང་ཆོས་འཛོམས་ཀྱི་ཕྲག་ཐོག་གི་ཁུར་པོ་དེ་འཕྲལ་ཡང་དུ་ཕྱིན་ཡོད།

2016ལོར་བུ་མོ་རྒན་པ་དབང་མཚོ་ཧུའུ་ནན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་པ་དང་། 2017ལོར་བུ་མོ་འབྲིང་བ་ཚེ་རིང་དཔའ་མོ་དང་བུ་ཆུང་བ་ཚེ་རིང་དབང་པོ་ཡང་ཐེན་ཅིན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ལ་རྒྱུགས་འཕྲོད་པས་ཚེ་རིང་ཆོས་འཛོམས་ཀྱི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད།

ཕྲུ་གུ་ཚོར་མདུན་ལམ་ཡག་པོ་ཡོད་པ་མཐོང་སྐབས། ཚེ་རིང་ཆོས་འཛོམས་ལ་དེ་བས་སྒུལ་ཤུགས་སྐྱེས་ཤིང་། 2019ལོར་གླ་པ་བྱེད་པ་ཕུད། ཁོང་གིས་ད་དུང་གྲོང་ཚོའི་བུད་མེད་མཉམ་ལས་ཁང་གི་རྩ་འཛུགས་ནང་ཞུགས་ནས་དཔལ་འབྱོར་ཆ་རྐྱེན་ཡག་པོ་མེད་པའི་བུད་མེད་12སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་13གྱི་བུད་མེད་ཞལ་ཏོག་ཚོང་ཁང་བཙུགས་ནས་ཞལ་ཏོག་དང་སྣུམ་བསྲེགས་བག་ལེབ་འཚོང་གི་ཡོད།

རྒྱལ་ཁབ་ཀྱི་རོགས་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་2019ལོར་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ནས་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4ལྷག་ཙམ་ཟིན་ཡོད་པ་རེད།

ད་ཆ་ཚེ་རིང་ཆོས་འཛོམས་ཀྱིས་གྲོང་ཚོའི“དུད་སྦྲེལ་སྤྱི་མི”དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་མཁན་ལ་གྱུར་པ་དང་། ཁོང་གིས་ཀྱང་དྲིན་ཚོར་གྱི་བསམ་པ་དང་བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་བཞིན་ཡོད།

(བདེ་དབང་དང་དམ་ཆོས་ཀྱིས་སྒྱུར་ཞུས་བྱས)