《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月17日

ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་མྱུར་ཚད་ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝང་ཧྲིས་རྒྱལ་ཁབ་ལྕགས་ལམ་ཚོགས་པ་སྤྱིར་བཏང་གི་མྱུར་ཚད་ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། རང་ལྗོངས་ཀྱི་ལྕགས་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་འཕེལ་རིམ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱིར་བཏང་གི་མྱུར་ཚད་ཀྱི་ལྕགས་ལམ་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་རྒྱུར་མཐུན་སྦྱོར་གཞོགས་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག གཅིག་ནས་གྲལ་བཤེར་བྱས་ནས་ཤེས་རྟོགས་ཐུབ་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་གཞིགས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། བྱ་ཐབས་ཁ་གསལ་བཟོ་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གྲལ་བཤེར་ཐུབ་པའི་མངོན་མེད་རྐྱེན་ངན་གཅིག་ཤེས་རྟོགས་ཐུབ་ཚེ་དེ་ཉིད་དག་ཐེར་བྱེད་པ་བཅས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་ལས་དོན་སྔ་ཙམ་དོན་འཁྱོལ་དང་སྔ་ཙམ་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ལྕགས་ལམ་སྐྱེལ་འདྲེན་གཉེར་སྐྱོང་གི་ཁྱད་ཆོས་ཆོས་ཉིད་དང་མཐུན་པ་དང་། བོད་ཀྱི་ལྗོངས་བབ་དང་འཚམ་པའི་ལྕགས་ལམ་བདེ་འཇགས་དོ་དམ་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་བཟོ་བ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། རིགས་པས་ཁུངས་སྐྱེལ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་གང་ལེགས་བྱེད་པ་བཅས་བྱས་ནས་བྱ་ཐབས་དུས་བཀག་བཞིན་འདོན་པ་དང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། གསུམ་ནས་སྤྱིར་བཏང་གི་མྱུར་ཚད་ལྕགས་ལམ་གྱི“ལམ་དུམ་གཅིག་ལ་ཏོན་ཀྲང་གཉིས”ཀྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་གཏོང་བ་དང་། ལྕགས་ལམ་སྡེ་ཚན་དང་ས་གནས་ཕྱོགས་གཉིས་པོའི་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ལྕགས་ལམ་ལམ་རྒྱུད་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། བཞི་ནས་བཀོད་འདོམས་ཀྱི་ནུས་པ་འདོན་པ་དང་། གདེང་འཇོག་དཔྱད་ཞིབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལྕགས་ལམ་བདེ་འཇགས་ཀྱི་ཁོར་ཡུག་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་ནང་འཇུག་དགོས། ལྔ་ནས་ལྷ་གཞིས་དང་ལྷ་ཉིང་ལྕགས་ལམ་གྱི་བདེ་འཇགས་སྲུང་སྐྱོང་ཁུལ་དབྱེ་འབྱེད་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། རྒྱལ་ཁབ་ཀྱི་ཡིག་ཆའི་བླང་བྱར་ནན་པོ་གཞིགས་པ། ལྕགས་ལམ་བདེ་འཇགས་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ལྡན་པའི་ངང་ཤར་བགྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། དྲུག་ནས་ཇུས་འགོད་ལ་སྤྱི་འདོམས་དང་སྔ་སྣུར་འབྲེལ་མཐུད་བྱེད་པ་དང་། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་སྔ་སྣུར་དུ་ཤར་གཏོང་ཐུབ་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པ། མེ་འཁོར་ཤར་གཏོང་མ་ཐུབ་གོང་གི་སྐྱེལ་འདྲེན་གཉེར་སྐྱོང་གི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས། ལྷ་ཉིང་ལྕགས་ལམ་བསྐྲུན་མཇུག་འགྲིལ་བའི་ཉིན་མོར་མེ་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)