《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月16日

ཆེ་དགྲ་ལྷས་རང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་ས་གོང་དཀར་གནམ་ཐང་དུ་འཛུལ་སའི་མགྱོགས་ལམ་རྣམ་གྲངས་དང་གནམ་ཐང་ཁུལ་གྱི་རྒྱས་སྐྲུན་བསྐྱར་སྐྲུན་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། འཐབ་ས་དང་པོའི་ལས་གྲྭའི་འཛུགས་སྐྲུན་པར་གཟིགས་པ་རེད།

ཚེས་14ཉིན། ལྷ་ས་གོང་དཀར་གནམ་ཐང་དུ་འཛུལ་སའི་མགྱོགས་ལམ་རྣམ་གྲངས་སུ་Tདབྱིབས་ཀྱི་སྒྲོམ་གཞི་སློང་འགོ་ཚུགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། Tདབྱིབས་ཀྱི་སྒྲོམ་གཞི་དང་པོ་དེས་རྣམ་གྲངས་དེ་ཟམ་སྟེང་གྲུབ་ཆའི་ཨར་སྐྲུན་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད། ཆེ་དགྲ་ལྷས་Tདབྱིབས་ཀྱི་སྒྲོམ་གཞི་བསླངས་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་ལས་གྲྭའི་འཕེལ་རིམ་དང་། འཆར་འགོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆེ་དགྲ་ལྷས་ལྷ་ས་གོང་དཀར་གནམ་ཐང་དུ་འཛུལ་སའི་མགྱོགས་ལམ་རྣམ་གྲངས་ལག་བསྟར་བྱས་པ་དེས་གནམ་ཐང་ཉེ་འཁོར་ས་ཁོངས་ཀྱི་འགྲིམ་འགྲུལ་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཡུལ་སྐོར་འཕེལ་རྒྱས་མགྱོགས་པོ་ཡོང་བ་བྱེད་པ། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་དང་དེ་བཞིན་འཕྲལ་སྡོམ་འགན་ལེན་བྱེད་ནུས་ཤུགས་ཆེར་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཚང་མས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཀའི་འཕེལ་རིམ་མགྱོགས་སུ་དང་ལས་ཕྱོད་ཆེ་རུ་བཏང་ནས་རྣམ་གྲངས་སྔ་ཙམ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་འགོག་ཟོན་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དབྱར་ཀའི་འབྲུབ་དུས་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་ཕྲའི་ལས་དོན་ཁག་ལ་ལྟ་སྟངས་ནན་པོ་འཛིན་པ། བདེ་འཇགས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། རིགས་ཁག་གི་ལས་འཛོལ་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་མཉམ་འགུལ་དང་། སྒྲིག་འཛུགས་ཞིབ་ཚགས། གནད་སྨིན་སྦྲེལ་མཐུད། མིག་སྔ་དང་ཕུགས་ལ་སྤྱི་འདོམས། སྔ་སྣུར་དུ་འཆར་གཞི་འགོད་པ། ལས་ཡུན་ལྡོག་བཤེར། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་འཆར་གཞི་བཞིན་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ས་གནས་དེ་གའི་མང་ཚོགས་དང་ཨར་སྐྲུན་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་སུ་བཅུག་ནས་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་དེ་གའི་ལས་མི་བེད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་སྔར་བས་ཆེ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། (བསྟན་འཛིན་བཟང་མོས་བསྒྱུར། བསོད་བདེ་གཞོན་པས་ཞུས)