《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月15日

ཝུའུ་དབྱིང་ཅེས་ལྷོ་ཁར་དབུལ་སྒྲོལ་འགག་སྒྲོལ་དང་དགོན་སྡེ་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དང་དགོན་སྡེར་ཕེབས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དགོན་སྡེ་དོ་དམ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་ཐོག་ནས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དང་དགོན་སྡེར་ཕེབས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དགོན་སྡེ་དོ་དམ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་གཉིས”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཆུ་ཚད་མཐོ་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཚད་གཞི་དང་བསྡུར་བ་བཅས་བྱས་ནས་རིག་སྐྱོར་དང་བློ་སྐྱོར་གཉིས་ཀ་ཐུབ་པ་དང་། “ལྟོ་གོས་ལ་ལྟ་རྟོག”དང“བསམ་བློར་ལྟ་རྟོག”དབར་གྱི་འབྲེལ་བ་དང་། “གཞན་བརྟེན་བརྟན་ལྷིང”དང“རང་བརྟེན་བརྟན་ལྷིང”དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཁག་གཉིས་པའི་རྣམ་གྲངས་འཆར་འགོད་དུ་ཡུལ་གཞན་གྱི་གནས་སྤོས་དབུལ་སྐྱོར་མང་ཚོགས་དུད་ཚང་148བཀོད་སྒྲིག་བྱ་རྩིས་ཡོད་པ་དང་། མིག་སྔར་ལས་གྲྭ་གཙོ་བོ་སྤྱིའི་ཆ་ནས་ལས་མཇུག་འགྲིལ་ནས་ཁང་པའི་ནང་ངོས་ཀྱི་མཛེས་བཟོ་དང་ལེ་ལག་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པས་ལོ་མཇུག་ཏུ་སྤོ་ཐུབ་པ་རེད། ཝུའུ་དབྱིང་ཅེ་ཐད་ཀར་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ནས་ཨར་སྐྲུན་བྱེད་བཞིན་པའི་ལས་མི་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་གླེང་མོལ་གཏིང་ཟབ་གནང་སྟེ་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད།

“ཁྱེད་རང་དེ་གར་ལས་ཀ་བྱས་ནས་ཡུན་རིང་ལོས་ཕྱིན་སོང་། ཉིན་གཅིག་ལ་གླ་ཆ་ག་ཚོད་འདུག ལས་ཀར་དཀའ་ལས་འདུག་གམ”ཞེས་ཝུའུ་དབྱིང་ཅེས་ཨར་སྐྲུན་བཟོ་པ་བཀྲ་ཤིས་ཆོས་སྒྲོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།

“ང་དེ་གར་ལས་ཀ་བྱས་ནས་ཡུན་རིང་པོ་ཕྱིན་སོང་། ཉིན་གཅིག་ལ་གླ་ཆ་སྒོར་155འདུག ལས་ཀར་ཡང་དེ་ཙམ་དཀའ་ལས་མི་འདུག”ཅེས་བཀྲ་ཤིས་ཆོས་སྒྲོན་གྱིས་ཝུའུ་དབྱིང་ཅེར་ཞུས་པ་རེད།

བཀོད་སྒྲིག་བྱ་ཡུལ་གྱི་དུས་ཁག་དང་པོའི་རྣམ་གྲངས་བསྐྲུན་ཟིན་ནས་ད་བར་ལོ་4ལྷག་ཙམ་སོང་ཡོད། ཆབ་མདོ་འགོ་འཇོ་དང་ལྷོ་ཁའི་མཚོ་སྣ་དང་སྣ་དཀར་རྩེ་སོགས་ཐག་རིང་ལུང་ཁུག་རྫོང་དང་ཤང་དང་དེ་བཞིན་ས་བབ་མཐོ་བའི་ས་ཁུལ་ནས་ཡིན་པའི་མང་ཚོགས་དུད་ཚང་156གི་མི་795དེ་གར་གཞིས་ཆགས་ཡོད། བཀོད་སྒྲིག་བྱ་ཡུལ་ཉེ་འཁོར་གྱི་ས་ཞིང་གི་ས་རྡོ་སྒྱུར་བཀོད་བྱས་ཚར་མེད་པས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ཉིན་དེར་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་འབྲས་གྲོ་སྣུམ་སོགས་འཚོ་བའི་མཁོ་ཆས་གཅིག་གྱུར་ཐོག་སྤྲོད་བཞིན་ཡོད། ཝུའུ་དབྱིང་ཅེ་མང་ཚོགས་ཁྲོད་ཕེབས་ནས་ཚང་མའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཝུའུ་དབྱིང་ཅེས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་གཅིག་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ནས“ལྟོ་གོས་ལ་ལྟ་རྟོག”གི་ལས་དོན་ཡག་པོ་བསྒྲུབ་དགོས་ལ། གཉིས་ནས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“བསམ་བློར་ལྟ་རྟོག”དང་རིག་སྐྱོར་བློ་སྐྱོར་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད། ཝུའུ་དབྱིང་ཅེས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་སྐྲུན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་མི་སེམས་འགུལ་བའི་བསླབ་གཞི་སྤྱད་དེ་མང་ཚོགས་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གྱི་འགྱུར་ལྡོག་ཆེན་པོ་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་དང་མང་ཚོགས་ལ་གནང་བའི་ཐུགས་ཁུར་དང་བྱམས་སྐྱོང་གནས་ལ་འཁྱོལ་བའི་སྒོ་ནས་བརྗོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གསལ་པོར་བརྗོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡག་དང་། ཀྲུང་གོ་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡག མེས་རྒྱལ་ཁྱིམ་ཚང་ཆེ་མོ་ཡག མི་རིགས་མཐུན་སྒྲིལ་ཡག་བཅས་བརྗོད་ཐུབ་པ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

བསམ་ཡས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་ད་ལོའི་མཐོ་སློབ་སློབ་ཐོན་སློབ་མ་གཡང་འཛོམས་དང་དབང་མོ་གཉིས་ཀྱིས་གཞུང་ལས་པའི་རྒྱུགས་སྤྲོད་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་ཞིབ་ཕྲ་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེས་ཁོ་གཉིས་ཐོན་སའི་སློབ་གྲྭ་དང་། སྦྱངས་པའི་ཆེད་ལས། ལས་ཞུགས་འདུན་པ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཁོ་གཉིས་ལ་བསམ་བློར་བཅིངས་འགྲོལ་གཏོང་ཕོད་པ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་སོ་སོའི་ལེགས་ཆར་གཞི་ཚུགས་པ་དང་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཕ་ཡུལ་དུ་རྩ་བ་ཚུགས་པ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

དེ་རྗེས་ཝུའུ་དབྱིང་ཅེ་བསམ་ཡས་དགོན་དུ་ཕེབས་ནས་དགོན་སྡེ་དོ་དམ་དང“ཚད་གཞི་བཞི་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་དེ་ནས་དགེ་འདུན་པ་དང་གླེང་མོལ་གནང་ནས་ཁོང་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཉེ་བའི་ལོའི་ནང་བསམ་ཡས་དགོན་གྱི་རྨང་གཞིའི་སྒྲིག་བཀོད་དང་དགེ་འདུན་པའི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་ཀྱང་གང་ལེགས་མཚོན་ཐུབ། ཚང་མས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ། རྒྱལ་གཅེས་ཆོས་གཅེས། ཐོས་པ་སློབ་གཉེར། དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལ་རང་འགུལ་ངང་སྲུང་སྐྱོང་བཅས་དངོས་འབྲེལ་ཐུབ་པ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། ཡང་ཁོང་གིས། དགོན་སྡེའི་ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་གཉིས”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “ཁྲིད་སྟོན”ཐད་མུ་མཐུད་ནས་འབད་བརྩོན་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ལ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་པ། བློ་གྲོས་དང་སྟོབས་ཤུགས་དེ་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ཐོག་འཇོག་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ། རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་མཐུན་སྒྲིལ་གང་ཐུབ་ཡོང་བ་བྱེད་པ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་རྒྱུན་ཆད་མེད་པར་ཁྲིད་སྟོན་བཅས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།