《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

“མཚོ་སྔོན་ནི་ཕ་ཡུལ་དང་དེ་ག་ནི་ངའི་ཁྱིམ་ཡིན”

“ཏུང་ཏུང”ཐོག་མར་མཐོང་སྐབས་ཁོང་གིས་ལྷོ་བྲག་གི་ཡུལ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་ང་ཚོར་ཁ་བརྡ་བྱེད་བཞིན་སེམས་རྩ་འཁོལ་པོས་ང་ཚོ་ཁྱིམ་དུ་སྐད་བཏང་།

ཏུང་ཏུང་གི་མིང་ངོ་མར་ཏུང་གོ་ཞི་ཟེར་བ་དང་རྒྱ་རིགས་ཡིན་ཞིང་། ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་སྒྱིད་སྟོད་སྡེ་ཁུལ་ནས་ཡིན་པ་དང་སྐྱེ་ཁུངས་མཚོ་སྔོན་དགོན་ལུང་རྫོང་ནས་ཡིན་ལ་ལྷོ་བྲག་ཏུ་འཚོ་བ་བསྐྱལ་ནས་ལོ་18སོང་བ་དང་གྲོང་མིས་ཁོང་ལ“ཏུང་ཏུང”ཞེས་བརྩེ་བ་ཆེན་པོས་འབོད་ཀྱི་ཡོད།

གྱོན་གོས་སྟབས་བདེ་ལ་བབ་ཆགས་པའི་སྐད་ཆ་ཤོད་སྟངས་ནི་ཏུང་གོ་ཞིས་མི་ཚོར་བཞག་པའི་ཐོག་མའི་བག་ཆགས་དེ་རེད། བཅར་འདྲི་བྱེད་རིང་ཁོང་གིས་ཤོད་མང་ཤོས་ནི་བཟའ་ཟླ་དང་། མག་པ། པ་ཕ་ཞིག་བཅས་ཡིན་པའི་ཁོང་གིས་རང་ཉིད་ཀྱི་འོས་འགན་ཙམ་སྒྲུབ་པ་ལས་ཁྱིམ་ཚང་ལ་ལེགས་སྐྱེས་ཆེན་པོ་དེ་ཙམ་འབུལ་མྱོང་མེད་ཅེས་བརྗོད་པ་དེ་རེད།

འོན་ཀྱང་བཟའ་ཟླ་ཟླ་བ་སྒྲོལ་དཀར་གྱི་ངོས་ནས་བཤད་ན་ཏུང་གོ་ཞི་ལྷོ་བྲག་ཏུ་བསྡད་པ་ནི་ཁོང་དང་། ཕྲུ་གུ ཨ་མ་བཅས་ཀྱི་ངོས་ནས་བརྗོད་ན་ལེགས་སྐྱེས་ཆེ་ཤོས་དེ་ཡིན་ལ་ཁོང་གིས་ཁྱིམ་ཚང་གི་འགན་འཁྲི་ལྕི་པོ་དེ་ཁུར་ནས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་བཏང་བ་རེད།(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏུང་གོ་ཞིའི་ཁྱིམ་དུ་བཟའ་ཟླ་དང་། བུ། ལོ་ན་མཐོ་བའི་སྒྱུག་མོ་བཅས་མི་བཞི་ཡོད་པ་དང་། བཟའ་ཟླའི་གཅུང་མོ་སི་ཁྲོན་དུ་བག་མར་སོང་ཞིང་། བཟའ་ཟླའི་གཅུང་པོའང་ལྷ་སར་ཡུན་རིང་གླ་པ་རྒྱུག་པས་ཁྱིམ་གྱི་ཞིང་ལས་དང་རྒན་རྒོན་ལ་གཡོག་རྒྱུག་པའི་ཁུར་པོ་ལྕི་པོ་ཏུང་གོ་ཞི་དང་བཟའ་ཟླ་ཟླ་བ་སྒྲོལ་དཀར་གྱི་ཕྲག་སྟེང་དུ་བབས།

“ཁོང་མ་སླེབས་གོང་ངེད་ཚོའི་ཁྱིམ་དབུལ་ཙམ་ཡོད”ཅེས་ཟླ་བ་སྒྲོལ་དཀར་གྱིས་བཤད་པ་དང་སྐབས་དེ་དུས་ཟླ་བ་སྒྲོལ་དཀར་གྱི་པ་ཕའི་གཟུགས་གཞི་དེ་ཙམ་ཐང་པོ་མེད་ལ་ཨ་མའི་དབང་པོར་ཡང་སྐྱོན་ཡོད་ཅིང་། གཅུང་པོ་དང་གཅུང་མོ་ལོ་ན་ཕྲ་བས་ཁོང་སྔ་པོ་ནས་ལྷོ་བྲག་རྫོང་དུ་གླ་པ་རྒྱུག་པར་འགྲོ་དགོས་བྱུང་ཡོད།

གླ་པ་རྒྱུག་རིང་ཟླ་བ་སྒྲོལ་དཀར་དང་ལས་ཡུལ་གཅིག་ཏུ་གླ་པ་རྒྱུག་པའི་ཏུང་གོ་ཞི་ངོ་ཤེས་པ་དང་སྐབས་དེ་དུས་ཀྱི་གནས་ཚུལ་སྐོར་གླེང་སྐབས་ཟླ་བ་སྒྲོལ་དཀར་གྱིས་འཚེར་སྣང་ཕྲན་བུ་བྱེད།

ཟླ་བ་སྒྲོལ་དཀར་གྱིས“ཏུང་ཏུང་ནི་ལས་ལ་བརྩོན་ཞིང་དཀའ་བ་སྤྱད་ཕོད་མཁན་ཞིག་རེད”ཅེས་བཤད།

ཏུང་གོ་ཞིས“ཟླ་བ་སྒྲོལ་དཀར་ལོ་ན་ཕྲ་ལ་རྣམ་པ་མཛེས་པ་དང་སེམས་རྒྱུད་ཧ་ཅང་བཟང་པོ་ཡོད”ཅེས་བཤད།

དེ་ལྟར་ན་གཞོན་གཉིས་ཕན་ཚུན་ངོ་ཤེས་ནས་བརྩེ་གྲོགས་སུ་གྱུར།

ཟླ་བ་སྒྲོལ་དཀར་གྱི་ངོ་ཚ་སྨིན་པའི་གཤིས་རྒྱུད་དང་མི་འདྲ་བར་ཏུང་གོ་ཞི་ནི་བག་ཡངས་པོ་ཞིག་ཡོད་པས“ངས་ཁོང་ལ་དགའ་པོ་བྱས་པ་ཡིན”ཞེས་དགའ་སྣང་ཆེན་པོས་བཤད། དེ་ལྟར་བཟའ་ཟླར་བརྩི་པོ་དེ་ལྟ་བུ་ཡོད་རྐྱེན་ཏུང་གོ་ཞིས་གནོང་འགྱོད་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་དེ་ཕྲག་ཏུ་ཁུར།

ཏུང་གོ་ཞི་དང་ཟླ་བ་སྒྲོལ་དཀར་དགའ་རོགས་སྒྲིག་སྐབས་སྐད་བརྡ་མི་འཕྲོད་སྟབས་ལག་བརྡ་དང་མིག་མདའ་འཕེན་རེས་བྱེད་ཀྱི་ཡོད་པ་རེད།

ཕྱི་ཕྱོགས་ནས་ཡོང་བའི་རྒྱ་རིགས་ཤིག་གིས་མགྱོགས་མྱུར་ཡུལ་དེའི་གོམས་སྲོལ་དང་མཐུན་པ་བྱ་ཆེད། ཏུང་གོ་ཞིས་བོད་སྐད་སྦྱངས་པ་མ་ཟད་ད་དུང་ནས་འདེབས་པ་དང་འོ་མ་འཇོ་ཤེས་པ་རེད།

སྐད་བརྡ་འཕྲོད་པ་དང་། འཚོ་བ་གོམས་པ། མི་རིགས་མཉམ་འདྲེས་ཐུབ་པ་བཅས་ལས་ནང་མི་ཚང་མའི་འཚོ་བའང་ཇེ་ཡག་ཏུ་སོང་ཡོད།

2009ལོར་ཏུང་གོ་ཞི་དང་ཟླ་བ་སྒྲོལ་དཀར་གྱི་བུ་སྐྱེས་པ་དང་བོད་རིགས་ཀྱི་མིང་ལ་པད་མ་ཀུན་བཟང་དང་རྒྱ་རིགས་ཀྱི་མིང་ལ་ཏུང་ཅུན་ཧྲེང་ཞེས་བཏགས།

བཟའ་ཟླ་དང་ཕྲུ་གུ་ཡོད་སྟབས་ཏུང་གོ་ཞིས་ཕ་ཡུལ་མཚོ་སྔོན་དུ་ལོག་རྒྱུའི་བསམ་བློ་དོར། 2017ལོར་ཏུང་གོ་ཞིའི་ཐེམ་ཐོ་ལྷོ་བྲག་རྫོང་དུ་བསྒྱུར་ནས་ལྷོ་བྲག་བར་གྱུར།

“ངས་ན་ནིང་གླ་པ་རྒྱུག་ནས་སྒོར་ཁྲི་ལྔ་དྲུག་བྱུང་བའི་ཁར་ཁ་གསབ་སྣ་ཚོགས་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་བྱུང”ཞེས་ཏུང་གོ་ཞིས་བཤད་པ་དང“ད་ཆ་སྲིད་ཇུས་ཡག་པོ་ཡོད་པས་རང་ཉིད་ཀྱིས་སྒྲུབ་ཐུབ་ཚེ་འཚོ་བ་ཡག་པོ་སྐྱེལ་ཐུབ་ངེས་རེད། སང་ལོ་ང་ཚོས་ད་དུང་ཁང་པ་གསར་པ་རྒྱག་རྩིས་ཡོད”ཅེས་བཤད།

“ཏུང་གོ་ཞིའི་ཁྱིམ་དང་གྲོང་མིའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང་གྲོང་ཚོར་ལས་ཀ་ཅི་ཞིག་ཡོད་རུང་ཁོང་གིས་ཧུར་ཐག་ངང་ཞུགས་ཀྱི་ཡོད”ཅེས་ལྷོ་བྲག་གྲོང་རྡལ་སྒྱིད་སྟོད་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་སྒྲོལ་མས་བཤད།

“མཚོ་སྔོན་ནི་ངའི་ཕ་ཡུལ་དང་ལྷོ་བྲག་ཏུ་ངའི་ནང་མི་ཡོད་པས་དེ་གར་ནི་ངའི་ཁྱིམ་ཡིན”ཞེས་ཏུང་གོ་ཞིས་བཤད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)