《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

༄༅།།བདེ་ཐང་གི་རྒྱུན་ཤེས་ཤ་ཚ་མ།

ངག་རྒྱུན་དུ“ཚེ་སྲོག་ནི་གསར་བརྗེའི་མ་རྩ་ཡིན”ཞེས་ཟེར་སྲོལ་ཡོད། གལ་ཏེ་མི་ཞིག་ལ་དང་ཐོག་བདེ་ཐང་གི་ལུས་ཁམས་ཤིག་དང་བདེ་ཐང་གི་སེམས་ཁམས་ཤིག་མེད་ན། བྱ་གཞག་ཐད་གྲུབ་འབྲས་ག་ཚོད་ཐོབ་ཀྱང་ཡུན་རིང་རྒྱུན་འཁྱོངས་བྱེད་དཀའ། དེའི་ཕྱིར་ཚང་མས་བདེ་ཐང་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས།

ད་ལྟའི་དུས་ཀྱི་གྲོང་ཁྱེར་གྱི་འཚོ་བ་དངོས་ཀྱི་ནང་། མི་རྣམས་ཀྱིས་རྒྱུན་པར་སྣང་ཚུལ་འདི་འདྲ་ཞིག་མཐོང་ཐུབ་སྟེ། ཞོགས་པ་སྔ་པོ་ནས་སྤྱི་གླིང་ཆེ་ཆུང་སྣ་ཚོགས་ནང་མི་རྣམས་ཀྱིས་ལུས་པོར་སྦྱོང་བརྡར་བྱེད་རྒྱུ་གོམས་ལོབས་སུ་སོང་ཡོད་པས། ལ་ལས་ཐའི་ཅི་ཆོན་དང་། ལ་ལས་ཞབས་བྲོ་རྒྱག་པ། ལ་ལས་གྲི་རྩེད་རྩེ་བ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལུས་སྦྱོང་བྱེད་བཞིན་ཡོད། དེའི་ཐོག་ནས་མི་རྣམས་ཀྱི་བདེ་ཐང་གི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ཡོད་པ་གསལ་བཤད་བྱས་ཡོད་ལ། ཚང་མས་ལུས་རྩལ་གྱིས་བདེ་ཐང་ལ་ཐོན་པའི་ནུས་པ་གལ་ཆེན་རྟོགས་ཤིང་། ཉིན་ལྟར་ལུས་སྦྱོང་བྱེད་རྒྱུ་དེ་རིམ་བཞིན་འཚོ་བའི་གོམས་སྲོལ་ལམ་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།

གལ་ཏེ་མི་ཞིག་ལ་བདེ་ཐང་གི་གཟུགས་གཞི་མེད་ན། ལས་ཀ་བྱེད་པའི་སེམས་ཤུགས་འདང་ངེས་ཤིག་མེད་ལ། བདེ་སྐྱིད་ཀྱི་འཚོ་བ་ལོངས་སྤྱོད་བྱེད་ཐབས་དེ་བས་མེད། སྤྱིར་ན་ཚེ་སྲོག་ནི་འགུལ་སྐྱོད་ལ་རག་ལས་པས། མིས་ཉིན་ལྟར་འོས་འཚམ་གྱི་འགུལ་སྐྱོད་མ་བྱས་ན་ལུས་པོར་ན་ཚ་མང་པོ་ཐོན་སྲིད་ལ། དེ་བས་རང་བྱུང་ཁམས་ཀྱི་ནད་རིགས་སྣ་ཚོགས་གྱི་འཇབ་རྒོལ་ལ་སྔོན་འགོག་དང་ཁ་གཏད་གཅོག་ག་ལ་ཐུབ།

འོན་ཀྱང་ལུས་སྦྱོང་ནི་ངེས་པར་དུ་ཚན་རིག་དང་མཐུན་དགོས་ལ། རང་ཉིད་གྱི་གཟུགས་གཞིའི་གནས་བབ་ལ་གཞིགས་ཏེ་སྦྱོང་བརྡར་ཚད་རན་པོ་བྱུང་ན། ད་གཟོད་གཞི་ནས་ལུས་སྦྱོང་གི་དམིགས་ཡུལ་འགྲུབ་ཐུབ།

ལུས་སྦྱོང་བྱེད་པ་ནི་གཟུགས་གཞིའི་བདེ་ཐང་རྒྱུན་སྲིང་དང་མིའི་ཚེ་རིང་པོ་ཡོང་བའི་ཐབས་ཤེས་ལེགས་ཤོས་ཤིག་ཡིན། གལ་ཏེ་ཉིན་རེར་དུས་ཚོད་སྐར་མ་30ནས་60བར་སྤྱད་ནས་རྐང་ཐང་དུ་འགྲོ་རྒྱུ་རྒྱུན་འཁྱོངས་དང་གོམས་གཤིས་སུ་འགྱུར་ཐུབ་ཚེ་རང་གི་མི་ཚེ་གང་པོར་ཁེ་ཕན་མི་དམན་པ་ཐོབ་ཐུབ། དེས་ན་ལུས་རྩལ་ནི་ལུས་སྦྱོང་གི་མཆོག་ནོར་ཞིག་རེད་ཅེས་བརྗོད་ཆོག

ལུས་རྩལ་གྱི་གོམས་གཤིས་འཇགས་པའི་མིའི་ཚེ་ཚད་ནི་ལུས་རྩལ་མི་རྩེ་བའི་ན་ཟླ་ཚོ་ལས་རིང་བ་ཡོད། དེ་ཡང་ཨ་མེ་རི་ཁའི་མཁས་པ་པ་ཧྥིན་པོ་ཀེར་གྱིས་ཞིབ་འཇུག་བྱས་པར་གཞིགས་ན། འགུལ་སྐྱོད་རིག་པ་དང་ཤི་ཚད་བར་གྱི་འབྲེལ་བའི་ཁྲོད་ནས་ཤེས་པ་སྟེ། དུས་རྒྱུན་དུ་འོས་འཚམ་གྱི་འགུལ་སྐྱོད་བྱེད་པའི་མིའི་ཤི་ཚད་ནི་ལུས་རྩལ་ལ་མི་ཞུགས་མཁན་ལས་སྐྱེས་པ་བརྒྱ་ཆ་30ཡི་དམའ་བ་ཡོད་པ་དང་བུད་མེད་བརྒྱ་ཆ་50ཡིས་དམའ་བ་ཡོད། དེའི་ཐོག་ནས་རྒྱུན་དུ་གཟུགས་པོར་འགུལ་སྐྱོད་འོས་འཚམ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་ཤེས་ཐུབ་བོ།

དེས་ན་ཇི་ལྟར་བྱས་ནས་རང་ཉིད་ལ་འཚམ་པའི་ལུས་རྩལ་གྱི་རྣམ་པ་ཞིག་འདེམས་དགོས་སམ་ཞེ་ན། ཆེད་ལས་མཁས་པས་མི་རྣམས་ལ་ཐབས་འགའ་བཏོན་ཡོད་པ་སྟེ། དཔེར་ན་འཆམ་འཆམ་དུ་འགྲོ་བ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཆེས་སྟབས་བདེ་བའི་འགུལ་སྐྱོད་བྱེད་ཐབས་ཤིག་ཡིན། དེར་ཕོ་མོ་རྒན་གཞོན་དང་། ཁོར་ཡུག་གི་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཐེབས་ཀྱི་མེད།

མི་རྣམས་ཀྱིས་ཁ་རྒྱུན་དུ“ཟ་མ་ཟས་རྗེས་གོམ་པ་བརྒྱ་སྤོས་ན་ལོ་གོ་དགུ་གསོན་ཐུབ་པར་ཐེ་ཚོམ་མེད”ཅེས་པ་ལྟར། གོམ་པ་དལ་བྲེལ་སྙོམས་པོས་འཆམ་འཆམ་བྱེད་པ་དེའི་ལུས་ཕུང་སྦྱོང་བརྡར་ཁྲོད་ཀྱི་ནུས་པ་གལ་ཆེན་གསལ་བཤད་བྱེད་ཐུབ། དེར་བརྟེན་མི་ཚང་མས་འཆམ་འཆམ་དུ་འགྲོ་བ་ནི་བདེ་ཐང་གི་མན་ངག་ཅིག་ཏུ་བརྩི་བཞིན་ཡོད། དཔེར་ན་གསར་བརྗེ་པ་རྒན་རབས་བགྲེས་སོང་ཞུས་ཐེ་ལི་མཆོག་དགུང་ལོ་དགུ་བཅུར་སླེབས་ཀྱང་སྔར་བཞིན་ཉིན་རེར་གོམ་པ་ལྔ་བརྒྱ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། གསར་བརྗེ་པ་རྒན་རབས་བློ་མཐུན་ཀྲུའུ་ཏིས་མི་ཚེའི་མཇུག་མཐར་ཡང་ཉིན་རེར་འཆམ་འཆམ་དུ་སྤྱི་ལེ་གསུམ་རེ་བསྐྱོད་རྒྱུ་རྒྱུན་འཁྱོངས་གནང་མཐར། “རྒས་ཀྱང་བདེ་ཐང”ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།

ཨ་ཅང་ཅང་། འཆམ་འཆམ་དུ་འགྲོ་བའི་གནད་འགག་ནི་རྣམ་པ་ཙམ་མིན་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་ཐུབ་མིན་ལ་རག་ལས་ཡོད་ལ། དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ན་ད་གཟོད་ཕན་ནུས་ཐོན་ཐུབ་པ་ཡིན་ནོ།

(ལྷག་རྒྱལ་གྱིས་རྩོམ་སྒྱུར་བྱས)