《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

༄༅།།སོ་ནམ་ཞིང་པ།

ཁ་ཞེང་ཆེ་བའི་གནམ་ས་གཉིས་ཀྱི་བར་ན།

སྒལ་པ་ནམ་མཁར་གཏད་ཅིང་ཐོད་པ་ས་གཞིར་གཏུགས་ཏེ།

ས་བོན་གྱི་མྱུ་གུ་རྔུལ་ཆུས་བརླན་མཁན་ནི།

ངའི་ཨ་ཕ་ཨ་མ་དང་མཚུངས་པའི་སོ་ནམ་ཞིང་པ་རེད།

གངས་ཆར་དང་རླུང་བུ། ད་དུང་ཚ་གདུང་དང་གྲང་ངར།

བཞིན་གྱི་འཛུམ་མདངས་ལྷན་དུ་རེ་བའི་ས་བོན་དུ་བྱས་ཏེ།

ས་ནག་གི་བྲང་སྟེང་དུ།

ཐོད་པའི་གཉེར་མ་འདྲ་བའི་རི་མོ་འཁྱུག་འཁྱུག་ལ་ཕབ་དུས།

ས་གཞི་འདི་ཕ་མ་རེད་ལ།

ས་གཞི་འདི་བུ་ཚའང་རེད།

དབྱར་དགུན་སྟོན་དཔྱིད་ཀྱི་གཏམ་རྒྱུད་ཡོད་ཚད།

ས་བོན། མྱུ་གུ། སྙེ་མའི་རླབས་ཕྲེང་གི་ངོ་བོར་ཐིམས་དུས།

དཀའ་སྡུག་དང་ལོ་ཟླས་ཕབ་པའི་དཔྲལ་སྟེང་གི་གཉེར་མ།

ས་རུ་སྨིན་པའི་འབྲུ་རྡོག་བཞིན་དུ་མཛེས།

སྦར་མོའི་ནང་གི་ཤ་མཁྲེགས་དང་སེར་ཀ།

སྙིང་ལ་སྒོམ་པའི་དད་པ་བཞིན་དུ་མཁྲེགས་ཤིང་།

དཔྲལ་བའི་རྔུལ་ཆུ་དང་ཐལ་རྡུལ།

ས་ནག་གིས་བརྗོད་པའི་སྙིང་གཏམ་མཚར་པོ་དེ་ཡིན་ནམ།

གྲང་ངར་གྱིས་རྒོལ་མི་ཐུབ་ལ་ཚ་གདུང་གིས་གཞོམ་མི་ནུས་ཤིང་།

ས་ནག་འདོམ་ལ་འཇལ་གྱིན་རེ་བའི་ཕྱོགས་སུ་སྙེག་དུས།

གཉེར་རླབས་དང་འབྲུ་རྡོག་ཁྲོད་ཀྱི་འཛུམ་མདངས་མཚར་པོ།

ས་ཆེན་ལ་ཕུལ་བའི་སྙན་ངག་གི་མཆོད་པ་རེད།

ནམ་དུས་ཀྱི་བར་གསེང་བརྒྱུད།

ས་གཞིའི་སྒལ་གཞུང་དུ་རྨི་ལམ་འདེབས་མཁན་ནི།

ངའི་ཕུ་ནུ་མིང་སྲིང་འདྲ་བའི་སོ་ནམ་པ་ཚོ་རེད།

ཞོགས་པ་བྱ་སྐད་དང་འགྲོགས་ཏེ་མལ་ལས་ལངས་ཤིང་།

དགོང་མོ་མུན་པ་ལྷན་དུ་རང་ཁྱིམ་ལ་ལོག་རྗེས།

རྨི་ལམ་དང་འཛུམ་མདངས་ཁྲོད་དུ་གཉིད་ལ་རོལ་མཁན།

རུས་པ་གསེར་དང་མཚུངས་པའི་སོ་ནམ་ཞིང་པ་རེད།

ཆར་ཆུ་དུས་སུ་བབས་ཚེ།

མངར་བསིལ་བསིལ་གྱི་ཆང་ཞིག་འཐུང་ཆོག

བདེ་སང་སང་གི་གླུ་ཆུང་ཞིག་ལེན་ཆོག

ཆར་ཆུ་དུས་སུ་བབས་ཚེ།

ལོ་རྗེས་མའི་བསམ་བཀོད་སྣ་ཚོགས་ཀྱང་རང་དགར་འཐེན་ཆོག

ཆར་ཆུ་དུས་སུ་བབས་ཚེ།

ས་བོན་ལ་མྱུ་གུ་རྒྱས་ངེས་ཤིང་།

ལོ་ལེགས་ཀྱི་འབྲས་བུ་སྨིན་ངེས།

རྨི་ལམ་དང་རེ་བའི་ས་བོན།

ས་ནག་ཁྲོད་དུ་ཡལ་མི་སྲིད།