《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

༄༅།། ཐོག་སྲུང་མན་ངག་གོ་བདེ་མ་།

དབྱར་ཁ་ཆར་ཆུ་འབེལ་བའི་སྐབས། །

གནམ་ལྕགས་ངར་མ་ལྷུང་ནས་ནི། །

སྐྱེས་བུའི་ཚེ་སྲོག་འཇོམས་སྲིད་པས། །

ཐོག་སྲུང་མདོར་བསྡུས་བཤད་པར་བྱ། །

ཐོག་སྲུང་ཤེས་བྱ་མ་ཤེས་ན། །

མཐོན་པོའི་རི་བོའི་རྩེ་མོ་དང་། །

གྲོང་ཁྱིམ་ཁང་གོག་ཡན་ཆད་དུ། །

དོན་མེད་འཆི་རྐྱེན་སྣ་ཚོགས་འབྱུང་། །

དེ་ཕྱིར་དབྱར་ཁ་ཕྱིར་དོན་དང་། །

ཕྱུགས་འཚོ་འབུ་རྐོ་བྱ་བའི་སྐབས། །

ཐོག་རྒོད་འགོག་པའི་ཤེས་བྱ་དང་། །

གློག་དམར་གཡོལ་ཐབས་ཤེས་པ་གལ། །

ཐོག་གི་ངོ་བོ་གློག་ཡིན་པས། །

ཆར་སྤྲིན་གསེབ་ཀྱི་གློག་རྒྱུན་རྣམས། །

དྲག་ཏུ་འཐབ་པས་འབྲུག་སྐད་བྱུང་། །

ས་རུ་ལྷུང་ན་ཐོག་ཅེས་གྲགས། །

ཕྱི་རུ་དྲག་ཆར་འབབ་དུས་སུ། །

ལུས་པོ་ཁྲུས་སུ་མི་ཞུགས་ལ། །

ཁ་པར་རྒྱག་དང་ལྕགས་རིགས་ལ། །

ལག་པ་འཆང་སོགས་མི་བྱའོ། །

ཁང་པ་ཆེན་པོའི་ཉེ་འགྲམ་དང་། །

ཤིང་སྡོང་སོགས་ཀྱི་འོག་ཏུ་དང་། །

གློག་ཤིང་བཙུགས་པའི་གནས་སུ་ནི། །

ཉེན་ཁ་ཆེ་བས་གཡོལ་བར་བྱ། །

རྩེ་མོ་རྣོ་བའི་ཆར་གདུགས་དང་། །

འཇོར་སོགས་ཕྲག་པར་མི་བཀལ་ཞིང་། །

རྐང་འཁོར་བཞོན་ནས་འགྲོ་བ་དང་། །

ཆུ་རུ་ཞུགས་པ་ངེས་པར་སྤོངས། །

ཁང་པའི་སྟེང་དུ་མི་ལངས་ཤིང་། །

རི་བོའི་རྩེ་མོར་མི་འཛེགས་ལ། །

སྦུ་གུའི་གཟུགས་ཀྱི་ལྕགས་རིགས་ལ། །

ལག་པ་དེ་བས་མི་འཆང་ངོ་། །

མཚོ་དང་མཚེའུ་ཡི་ཉེ་འགྲམ་དང་། །

ཆུ་འཁྱིལ་ཞིང་ཐང་ལ་སོགས་པའི། །

བཞའ་བརླན་ཅན་གྱི་ཁུལ་དུ་ནི། །

མི་སྡོད་དེ་ལས་བྲལ་བར་བྱ། །

བདེ་མོའི་ཐང་དུ་བགྲོད་དུས་སུ། །

འབྲུག་སྐད་ལྡིར་ལྡིར་གྲགས་པ་དང་། །

གློག་དམར་རབ་ཏུ་འཁྱུག་པ་ན། །

ཙོག་པུར་པུས་མོར་འཐམས་ནས་སྡོད། །

ཕྱི་རུ་གློག་དམར་འཁྱུག་དང་ལྷན། །

འབྲུག་སྐད་ཆེན་པོ་གྲགས་པ་ན། །

ཁང་པའི་ནང་ནས་མི་དོན་པར། །

སྒོ་དང་སྒེའུ་ཁུང་བརྒྱབ་ནས་སྡོད། །

རླངས་འཁོར་བཏང་ནས་འགྲོ་དུས་སུ། །

གློག་དམར་འཁྱུག་དང་འབྲུག་གྲགས་ན། །

ཕྱི་རུ་མི་འབབ་ནང་དུ་སྡོད། །

འདི་ལ་ཐོག་སྲུང་ནུས་པ་ཡོད། །

གྲོང་པ་རྒན་པོ་རྣམས་ཀྱི་ནི། །

གློག་དམར་འདི་ལ་འཁྱུག་ཅེས་བརྗོད། །

འགའ་ཤས་དཀྱུག་ཅེས་ཟེར་ན་ཡང་། །

དོན་དུ་གློག་དམར་འདི་ཉིད་ཡིན། །

འཁྱུག་གི་གཟུགས་ལ་སྣ་ཚོགས་ཡོད། །

ཐག་གུའི་གཟུགས་ལྟར་ཕྲ་བ་དང་། །

དྲུ་གུའི་གཟུགས་ལྟར་ཟླུམ་པ་ཡོད། །

ཡོད་པས་དེ་ལ་ཡིད་གཟབ་མཛོད། །

འབྲུག་གྲགས་དྲག་ཆར་འབབ་པའི་སྐབས། །

ཟླུམ་གཟུགས་ཅན་གྱི་གློག་དམར་དེ། །

སྒོ་དང་སྒེའུ་ཁུང་དུ་བའི་ལམ། །

བརྒྱུད་ནས་འོང་བས་སྒོ་སོགས་བརྒྱབ། །

ཐག་གུའི་གཟུགས་ཀྱི་གློག་དམར་དེ། །

རྒྱུན་པར་མཐོང་བའི་གློག་དམར་ཡིན། །

དེ་ལ་གློག་རྒྱུན་ཤུགས་ཆེ་བས། །

ངེས་པར་ཡིད་གཟབ་གནང་དགོས་སོ། །

གློག་རྒྱུན་འཁྱུད་པའི་ཚོར་སྣང་ཡིས། །

མགོ་སྐྱེས་སྐྲ་རྣམས་གཟེངས་པ་དང་། །

ལུས་སུ་ཚ་སྣང་བྱུང་བ་ན། །

ཐོག་སྐྱོན་ཡིན་པས་འགྱེལ་ནས་སྡོད། །

དེ་ནས་འབྲུག་སྐད་འཇགས་པའི་རྗེས། །

ལུས་པོ་འགུལ་བ་མི་ནུས་ན། །

ཁ་པར་སོགས་ལས་བརྡ་བཏང་སྟེ། །

མྱུར་སྐྱོབ་ཡོང་ཐབས་ཤིན་ཏུ་གལ། །

མི་མང་ཚོགས་སུ་ཐོག་ལྷུང་ནས། །

རྨས་སྐྱོན་ཕོག་པའི་དོན་བྱུང་ན། །

འཁུན་སྒྲ་འབྱིན་པའི་མི་རྣམས་ལས། །

ཐོག་མར་འགུལ་མེད་མི་རྣམས་སྐྱོབ། །

དུས་ཚོད་སྐར་མ་བཞི་ཡི་ནང་། །

གློ་སྙིང་གསོ་བའི་བྱ་ཐབས་ཀྱིས། །

སྙིང་ཁར་འཕུར་སྣོན་བྱེད་ནུས་ན། །

ཕལ་ཆེར་སོས་པའི་རེ་བ་ཆེ། །

སྐབས་རེ་ཐོག་སྐྱོན་ཕོག་ནས་ནི། །

དྲན་མེད་བརྒྱལ་ཏེ་དབུགས་མི་འབྱུང་། །

འཆི་ལྟར་འགུལ་མེད་སྡོད་སྲིད་ཀྱང་། །

འཆི་བར་མ་ཡིན་ངེས་པར་སྐྱོབས། །

དྲན་མེད་བརྒྱལ་ཏེ་འགུལ་མེད་དུ། །

བསྡད་ཀྱང་ནང་དབུགས་འབྱིན་ནུས་ན། །

མཁའ་རླུང་གཙང་མའི་སར་ཁྲིད་ནས། །

གཟུགས་པོ་ཨ་ཅོར་རློན་པས་ཕྱིས། །

དབུགས་འབྱིན་ངལ་བ་ཆེ་བ་དང་། །

གཟུགས་པོ་འདར་བསིག་བྱེད་པ་ན། །

མིས་ཐབས་ཁ་སྦྱར་དབུགས་གསོ་བའི། །

བྱ་ཐབས་སྤེལ་བ་ཤིན་ཏུ་གལ། །

དེ་ལྟར་ཐོག་སྐྱོན་སྣང་ཚུལ་རྣམས། །

ལུ་གུ་བརྒྱུད་དུ་རིམ་བསྟར་ནས། །

དམངས་ཁྲོད་ལུས་པའི་ཐོག་སྲུང་ཡང་། །

མ་གསང་འདི་རུ་བཤད་པར་བྱ། །

འབྲུག་གྲགས་གློག་དམར་འཁྱུག་པའི་སྐབས། །

ཐོག་སྐྱོན་གཡོལ་བའི་གནས་མེད་ན། །

ཁབ་རྩེ་སྐྲ་ལ་ལན་གསུམ་དུ། །

ཤུད་ནས་ཐག་རིང་གཡུགས་པར་བྱ། །

རྩེ་མོ་རྣོ་བའི་ལྕགས་རིགས་ལ། །

གློན་རྒྱུན་ལེན་པའི་ནུས་པ་ཡོད། །

སྐྲ་ལ་ཤུད་ན་ཞི་གློག་འབྱུང་། །

དེ་ཡི་ཐོག་སྐྱོན་གཞན་དུ་ཁྲིད། །

རྩིད་པ་དཀར་པོ་མ་འདྲེས་པའི། །

གཡག་རོག་ཁམ་པ་ནག་པོ་ཡི། །

བསླས་པའི་སྦྲ་ནག་དེ་ཡིས་ཀྱང་། །

ཐོག་སྐྱོན་སྲུང་ཞེས་ཀུན་ལ་གྲགས། །

འབྲོག་པའི་མཚེར་མལ་ཉེ་འགྲམ་དུ། །

ཐོན་སྐྱོན་འབྱུང་བའི་གནས་ཡིན་ན། །

སྦྲ་གུར་ཕྱོགས་ལས་མི་རིང་བར། །

ལྕགས་ཕུར་བཙུགས་ན་ཐོག་ཉེན་སྲུང་། །

གཞན་ཡང་གཟི་མིག་དགུ་པ་ནི། །

མགུལ་དུ་བཏགས་ན་ཐོག་སྲུང་ཞེས། །

རབ་ཏུ་གྲགས་ཀྱང་བདེན་རྫུན་གྱི། །

དབྱེ་བ་ཁྱེད་རྣམས་འབྱེད་འཚལ་ལོ། །

དགོན་པའི་གྱང་གི་བར་རྣམས་སུ། །

པན་བརྩེགས་ཞེས་པའི་ལྕུག་ཕྲན་གྱིས། །

བརྩིགས་པའི་གྱང་གི་དོད་པོ་འདིས། །

གློག་དམར་འགོག་ཅེས་མི་རྣམས་བཤད། །

དེ་བཞིན་གདུགས་དང་རྒྱལ་མཚན་དང་། །

བ་དན་རྣམས་ཀྱི་རྩེ་མོ་ཡི། །

ཟུར་གསུམ་ཅན་གྱི་ལྕགས་གཟེར་དེས། །

གནམ་ལྕགས་ལེན་པ་མྱོང་བས་གྲུབ། །

འོན་ཀྱང་ལག་པ་འཆང་བ་དང་། །

འཁྲིས་སུ་བསྡད་དང་ལུས་སུ་ནི། །

འདོགས་པ་ནམ་ཡང་མི་རིགས་པས། །

དེ་ཕྱིར་འདི་ཡང་ཡིད་ལ་ཟུངས། །

དེ་ལྟར་ཐོག་སྐྱོན་འགོག་པའི་ཚུལ། །

ཅུང་ཟད་འདི་རུ་བཤད་པའི་དགེས། །

མི་རྣམས་ཐོག་སྐྱོན་མི་འབྱུང་ཞིང་། །

བདེ་བར་འཚོ་བའི་རྒྱུར་གྱུར་ཅིག །