《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མཚོན་པའི《གོས་འཁྲུད་གླུ》

1964ལོའི་ཟླ་4པར། དམག་ཡོངས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། བོད་དམག་ཁུལ་ཁང་རིག་གནས་པུས་འཁྲབ་སྟོན་བྱས་པའི་གླུ་གར་ལེ་ཚན《གོས་འཁྲུད་གླུ》ལ་འཚོ་བའི་རྣམ་པ་ཟབ་མོ་དང་སྒྱུ་རྩལ་གྱི་ཇུས་འགོད་ཐུན་མོང་མ་ཡིན་པས་ལྟད་མོ་བ་ཚོའི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་རྩོམ་སྒྲིག་འཁྲབ་ཁྲིད་ཡག་ཤོས་ཀྱི་བྱ་དགའ་སོགས་བྱ་དགའ་4ཐོབ་ཡོད། འཁྲབ་སྟོན་མཇུག་འགྲིལ་རྗེས། ཀྲོའུ་ཨེན་ལའེ་དང་ལིའུ་ཧྲའོ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འཁྲབ་སྟོན་པ་ཚོར་མཇལ་འཕྲད་གནང་བ་མ་ཟད་ད་དུང་ཚད་མཐོའི་གདེང་འཇོག་ཡང་གནང་བ་རེད། 《གོས་འཁྲུད་གླུ》ཞེས་པའི་ལེ་ཚན་ནང་གླུ་ལེན་གར་འཁྲབ་མང་ཞིང་འགྱུར་ཁུག་དལ་ལྷོད་རན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། གོ་སླ་ཞིང་མཚོན་དོན་ཟབ་པས། རྒྱལ་ཡོངས་སུ《གོས་འཁྲུད་གླུ》འཁྲབ་སྟོན་བྱེད་པའི་ཚ་རླབས་ཤིག་འཕྱུར།

《གོས་འཁྲུད་གླུ》ཡི་རྩོམ་སྒྲིག་འཁྲབ་ཁྲིད་པ་ལི་ཅུན་ཁྲེན་ནི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་རིག་རྩལ་ཚོགས་པའི་བུད་མེད་དམག་མི་ཞིག་རེད། 1963ལོའི་ལོ་མཇུག་ཏུ། ཁོང་གིས་བོད་དམག་ཁུལ་ཁང་གི་རིག་གནས་པུའུ་ཡི་པུའུ་ཀྲང་ཀྲུའུ་ལིའུ་ཐེངས་ཤིག་གཞི་རིམ་དུ་སྐྱོད་པའི་ལམ་བར་གྱི་མཐོང་ཐོས་གཙོ་བོར་བྱས་ཐོག་རང་ཉིད་བོད་དུ་ལོ་མང་འཚོ་བ་བསྐྱལ་བའི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ནས། གཞས་གདངས་རྩོམ་མཁན་ལུའོ་ཉན་དབྱི་དང་མཉམ་དུ་དམག་དམངས་བརྩེ་བ་ཟབ་པ་དང་དམངས་ཀྱིས་དམག་བཀུར་བ་བརྗོད་དོན་གཙོ་བོར་བྱས་པའི་གླུ་གར་ལེ་ཚན《གོས་འཁྲུད་གླུ》གསར་རྩོམ་བྱས་པ་རེད། 《གོས་འཁྲུད་གླུ》ཡི་རྒྱབ་ལྗོངས་ཀྱི་རྣམ་པ་ནི། ཆུ་ལེན་པར་ཡོང་མཁན་བོད་རིགས་བུ་མོ་ཁྱུ་ཞིག་ལ་གཙང་པོའི་ངོགས་སུ་འཐབ་གྲོགས་ཚོའི་གྱོན་གོས་འཁྲུ་བར་ཡོང་མཁན་མ་བྱན་པན་ཀྲང་དང་འཕྲད་ཞིང་། བུ་མོ་ཚོས་པན་ཀྲང་ལ་མགོ་སྐོར་བཏང་ནས་གོས་འཁྲུད་རོགས་དང་། པན་ཀྲང་གིས་ལྐོག་ཏུ་བུ་མོ་ཚོར་ཆུ་ལེན་རོགས་བྱས་པ་སོགས་བུ་མོ་ཚོས་གོས་འཁྲུད་ཞོར་སེམས་ནང་གི་གླུ“སུ་ཞིག་གིས་ང་ཚོ་ཡར་ལངས་ཡོང་རོགས་བྱས་པ་ཡིན་ནམ། སུ་ཞིག་གིས་ང་ཚོར་བཅིངས་འགྲོལ་བཏང་བ་ཡིན་ནམ། དེ་ནི་ང་ཚོའི་གཉེན་ཉེ་བཅིངས་འགྲོལ་དམག་མི་ཡིན། དེ་ནི་ང་ཚོའི་མགོན་སྐྱབས་གུང་ཁྲན་ཏང་ཡིན། དམག་དམངས་གཉིས་པོ་ཁྱིམ་ཚང་གཅིག་ལྟར་ཡིན། ང་ཚོས་གཉེན་ཉེར་གྱོན་གོས་འཁྲུད་རོགས་བྱེད”ཅེས་བླངས་པ་རེད།

དུས་རབས་ཕྱེད་ཙམ་གྱི་རིང་། 《གོས་འཁྲུད་གླུ》གང་ས་གང་དུ་འཁྲབ་སྟོན་ཐེངས་མང་བྱས་ཀྱང་བྲོ་བ་མ་ཉམས་པར་དར་གསོ་ཆེ་རུ་ཕྱིན་ཡོད། དེ་ནི་ལེ་ཚན་འདིའི་སྒྱུ་རྩལ་ཇུས་འགོད་ཡག་པ་ཙམ་གྱིས་མ་ཡིན་པར། བོད་དུ་དམག་དམངས་དབར་གྱི་འབྲེལ་བ་ངོ་མ་མཚོན་ཞིང་བོད་ཀྱི་དམག་དམངས་ཀྱི་སེམས་གཏིང་ནས་འཕྲོས་པའི་སེམས་གཏམ་ཡིན་པས་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་བཅིངས་འགྲོལ་དམག་གིས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་རྒྱལ་སྲུང་བརྟན་དུ་བཏང་བ་དང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ནས་མི་དམངས་རྣམས་རང་ཁྱིམ་རང་བདག་བྱུང་བ་བཅས་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གཉེན་ཉེར་བརྩིས་ནས་མཐའ་མཚམས་སྲུང་སྐྱོང་བྱས་པ་དང་ཆབས་ཅིག ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་དེ་གངས་སྐྱོན་སེལ་བ་དང་། གཞུང་ལམ་མྱུར་བཟོ། ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱས་པ་དང་། གཙོ་ཆེའི་ལས་གྲྭ་ཁག་གི་ཨར་ལས་ཁུལ་དུ་བསྐྱོད་དེ་ཟམ་ཆེན་སྐྲུན་པ་དང་། གཞུང་ལམ་བཟོ་བ། ཕུག་ལམ་འབིགས་པ་བཅས་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་ཚོའི་ཁྱིམ་དུ་བསྐྱོད་དེ་དུད་ཚང་དབུལ་པོར་འཚམས་འདྲི་ཞུས་ནས་དཀའ་ངལ་སེལ་རོགས་བྱས་པ་སོགས་མི་དམངས་བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་ལམ་བར་དུ། རྒྱ་ཆེའི་མང་ཚོགས་ཀྱིས་ཛ་དྲག་ཆེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་འོག་ཏུའང་དཔུང་སྡེར་དངོས་ཟོག་དབོར་རོགས་དང་སྣེ་ཤན་པ་བཅས་བྱས་ནས། བཅིངས་འགྲོལ་དམག་བདེ་བླག་ངང་ལྷ་སར་འབྱོར་རྒྱུར་རོགས་རམ་བྱས་པ་དང་། རང་རྒྱལ་དང་རྒྱ་གར་མཐའ་མཚམས་ཀྱི་རང་སྲུང་འགོག་རྒོལ་གྱི་དམག་འཐབ་ཁྲོད་བོད་རིགས་མང་ཚོགས་མང་དག་ཅིག་གིས་འགྱོགས་བྱམས་འདེགས་པ་དང་རྨས་མ་སྐྱོར་བ་སོགས་བྱས་ནས་དམག་དམངས་མཉམ་དུ་དམག་འཐབ་བྱས། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་བོད་རིགས་ཨ་མ་གསུམ་གྱིས་ལོ་36རིང་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་ཚོར་མཚམས་མ་ཆད་པར་འོས་འགན་ངང་སྔོ་ཚལ་བསྐྱལ་བ་སོགས་བྱས་ཡོད།

དུས་ཡུན་རིང་པོར། བོད་སྡོད་དཔོན་དམག་དང་བོད་ཀྱི་མི་དམངས་དབར་མཛའ་བརྩེ་ཟབ་མོ་ཆགས་ནས། དམག་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་བ་མ་ཟད་ད་དུང་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་ལྡན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བྱུང་བས། བོད་ཀྱི་མི་དམངས་ཀྱིས་བཅིངས་འགྲོལ་དམག་མི་ཞེས་བརྩེ་བ་ཟབ་མོས་འབོད་ཀྱི་ཡོད་པ་རེད། དུས་རབས་ཕྱེད་ཀར་འཁྲབ་སྟོན་བྱས་པའི《གོས་འཁྲུད་གླུ》འདི་ཉིད་ད་ཆ་ཡང་བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པ་གཞི་རིམ་དུ་བསྐྱོད་དེ་འཚམས་འདྲིའི་འཁྲབ་སྟོན་བྱེད་སྐབས་དགའ་བསུ་ཐོབ་མང་ཤོས་ཀྱི་ལེ་ཚན་ཞིག་ཡིན་པ་མ་ཟད། དུས་རབས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དེ་ལ་དོན་སྙིང་གསར་པ་ཡང་ལྡན་ཡོད་པ་རེད། དཔེར་ན《མཁའ་དབྱིངས་ཀྱི་གོས་འཁྲུད་གླུ་སླར་ཡང་ལེན》ཞེས་པའི་གཞས་ཚིག“ང་རང་ཆུང་ངུའི་དུས་སུ། ཨ་མ་ལགས་ཀྱི་ཨ་མས་སྙན་ཞིང་འཇེབས་པའི《གོས་འཁྲུད་གླུ》འདི་ཉིད་ལེན་མྱོང་ཡོད། ཁོང་གིས་གླུ་སྐད་ལ་བརྟེན་ནས། སུ་ཞིག་གིས་ང་ཚོ་ཡར་ལངས་བཏང་བ་དང་སུ་ཞིག་གིས་ང་ཚོར་བཅིངས་འགྲོལ་བཏང་བ་བརྗོད་བྱུང་། འཚར་ལོངས་བྱུང་རྗེས་ཀྱི་ང་ཚོ་གླུ་འདི་ལེན་རྒྱུར་སྔར་བས་དགའ། བརྩེ་ལྡན་གྱི་ཨ་མ་ཀྲུང་གོར་གླུ་དབྱངས་ལེན”ཞེས་པ་ལྟ་བུ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)