《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

རང་ལྗོངས་ཀྱིས་ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་སྟངས་ཁྱབ་གདལ་ཧུར་ཐག་གཏོང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོར་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་པའི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་པ་དེའི་དམིགས་ཡུལ་ནི་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་བརྒྱུད་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དེ་གྲངས་འབོར་ནས་སྤུས་ཚད་བར་དང་། འཛུགས་སྐྲུན་ནས་དུས་མཇུག་གི་བདག་སྐྱོང་བར། སྲིད་གཞུང་གིས་གཏོང་ཆ་གཏོང་བ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུར་སྐུལ་སློང་བྱེད་པའི་བར་བཅས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་བས་ཤིང་འཛུགས་ནགས་བཟོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་པ་སོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པར་གཡུར་ཟའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་རེད། 2016ལོ་ནས་བཟུང་ལྗོངས་ཡོངས་སུ་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་མུའུ་ཁྲི་450.97ལེགས་གྲུབ་ཟིན་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ནུས་པ་གལ་ཆེན་བཏོན་པ་རེད།

ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་སྟངས་ཁྱབ་གདལ་གཏོང་བ་ནི་ནགས་རྩྭའི་ལས་རིགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་ནགས་རྩྭའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། དེ་དང་དུས་མཚུངས་ནགས་བཟོའི་ཐད་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱིས་རིགས་ཁག་གི་ཁེ་ལས་དང་། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་སོགས་ནགས་ལས་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ནང་མ་འཇོག་བྱེད་རྒྱུར་འདེགས་སྐྱོར་དང་ཚུར་འགུག་བྱེད་ཆོག་པ་དེའི་དམིགས་ཡུལ་ནི་ཁྱིམ་ཚང་གིས་འགན་གཙང་ལེན་པ་དང་། དུད་སྦྲེལ་གྱིས་འགན་གཙང་ལེན་པ། མ་རྐང་མཉམ་ལས་སོགས་ཀྱི་སྣ་མང་གཉེར་སྐྱོང་བྱེད་སྟངས་ལ་ལྕག་སྐུལ་དང་ཁྱབ་གདལ་གཏོང་བ་དང་། རིགས་ཁག་གི་སྤྱི་ཚོགས་བྱེད་པོ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་ལྕག་སྐུལ་བཏང་ནས་ལྗང་མདོག་གི་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱ་ཆེད་རེད།