《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁུལ་གྱི་ཆུ་ལག་སྣོད་བཅུད་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

ཟླ་6ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་དེ་བཞིན་སྣོད་བཅུད་བཅོས་སྐྱོང་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་ཕེབས་ཏེ་སྡེ་ཁུལ་དེའི་ཧྲུའུ་ཅི་ཨང་དང་པོ་པ་སངས་སྒྲོལ་མ(དཀྱིལ)དང་སྡེ་ཁུལ་གྱི་མང་ཚོགས་ནོར་བུ་ཆོས་གྲགས(གཡོན)སོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་མང་ཚོཌ་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་མ་ཡུར་ལྷོ་མ་དང་། ལྷ་ཀླུ་འདམ་ར། མཐུན་སྒྲིལ་གྲོང་གསར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་སོགས་སུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་དེ་བཞིན་སྣོད་བཅུད་བཅོས་སྐྱོང་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

སྐལ་བཟང་གཙང་པོའི་སྤྱི་གླིང་གི་རྣམ་གྲངས་དེ་རྔ་ཆེན་ཟམ་ཆེན་གྱི་བྱང་ངོས་ཟམ་སྣེའི་ཤར་ངོས་སུ་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། མ་ཡུར་ལྷོ་མའི་ཆུ་ལག་གི་སྣོད་བཅུད་བཅོས་སྐྱོང་ལས་གྲྭའི་འགོ་འཛུགས་ས་ཞིག་ཀྱང་ཡིན་པ་རེད། ཝུའུ་དབྱིང་ཅེ་དང་བཅས་པ་དང་ཐོག་དེ་གར་ཕེབས་ནས་ཇུས་འགོད་འཆར་འགོད་འགྲེམས་པང་ལ་གཟིགས་པ་དང་། ལས་དོན་མི་སྣའི་ངོ་སྤྲོད་གསན་པ། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་བཅས་བྱས་པ་རེད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་དེ་བཞིན་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མ་ཡུར་ལྷོ་མ་དང་། མ་ཡུར་བྱང་མ། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་སོགས་སྔར་ཡོད་གྲོང་ཁྱེར་གྱི་ཆུ་ལག་སླར་གསོ་དང་། ཉམས་གསོ། མཛེས་བཟོ་བཅས་བྱ་རྒྱུ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ཆུ་ལག་བཞུར་རྒྱུན་ཡུན་རིང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་བཙོག་ཆུ་གཙང་གསིང་དང་སྦགས་བཙོག་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁུལ་གྱི་ཆུ་ལག་གི་ཆུའི་སྤུས་ཚད་སྔར་བས་ལེགས་སུ་འགྲོ་རྒྱུའི་འགན་ལེན་བྱ་རྒྱུ་རེད། མིག་སྔར་རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་འཕེལ་རིམ་50%ཙམ་ལ་སླེབས་ཡོད། ཀུང་སིའི་གོང་འོག་ཚང་མས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཏེ། དུས་སང་གི་ཟླ་5པར་ལས་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལྷ་སའི་སྐྱིད་ཆུ་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་མ་ཡུམ་གཙང་པོ་ཡིན་པ་མ་ཟད། ལྷ་སས་སྐྱེད་ཚལ་གྲོང་ཁྱེར་དང་། སྡོད་མལ་གྲོང་ཁྱེར། སྣོད་བཅུད་གྲོང་ཁྱེར་བཅས་འཛུགས་སྐྲུན་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆའང་རེད། འབྲེལ་ཡོད་སྡེ་ཚན་དང་འཛུཌ་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ལྷ་སའི་སྔར་ཡོད་ཆུ་ལག་ལ་བརྟེན་ནས་དེང་སྐབས་ལ་གཞི་ཚུགས་པ་དང་སྔོན་སླ་རྗེས་དཀའ་དང་། ཕུགས་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱས་ཏེ་དལ་ཙམ་བྱེད་དགོས་རུང་བློ་ཕམ་མི་སྐྱེ་བ་བྱེད་དགོས་ལ། “རྨ་ཤུལ”དེ་བས་མ་ལུས་པ་བྱས་ཏེ་འཆར་གཞི་མཐར་ཕྱིན་པ་བཀོད་དེ་ལས་གྲྭའི་རྣམ་གྲངས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།

ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ལ། རང་རྒྱལ་གྱི་གྲོང་ཁྱེར་གྱི་སྐམ་སའི་རང་བྱུང་འདམ་ར་འབའ་ཞིག་ཀྱང་ཡིན་པས“ལྷ་སའི་གློ་བ”ཞེས་བརྗོད་ཀྱི་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་གཟིགས་ཞོར་དུ་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་རྐང་ལམ་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེ་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་འདམ་རའི་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ། འཆར་འགོད་ལྟར་ལྷ་ཀླུ་འདམ་རའི་སྔར་ཡོད་ཆུ་ལག་སླར་གསོ་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ། ལྷ་ཀླུ་འདམ་རའི་ལེ་ལག་ཚང་བའི་སྲུང་སྐྱོང་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བ། མ་ཡུར་ཁག་གི་གཙང་སྦྲ་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མཐའ་འཁོར་གྱི་རི་བོ་སྔོ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་འདམ་རའི་སྣོད་བཅུད་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྐོར་སྲུང་རྐང་ལམ་འཛུགས་སྐྲུན་བྱེད་རིང་སྤྱི་པའི་གསང་སྤྱོད་དང་། ཆར་གཡོལ་བསིལ་ཁང་། རྐུབ་སྟེགས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་གསར་སྣོན་བྱས་ཏེ། ལྷ་ཀླུ་འདམ་ར་འདི་ཉིད་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་ལྟ་སྐོར་དང་། རང་བྱུང་གི་སྤྲོ་སྣང་ཉམས་ལེན། སྣོད་བཅུད་སློབ་གསོ་དང་ལེན་བཅས་བྱེད་ས་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

དུས་རབས་གོང་མའི་ལོ་རབས་80པར་བསྐྲུན་པའི་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་མཐུན་སྒྲིལ་གྲོང་གསར་ལ་གྲོང་སྡེའི་འགྲོ་ལམ་དང་། ཆར་ཆུ་དང་བཙོག་ཆུ་འགྲོ་སའི་མདོང་ལམ། ཆུ་འདྲེན་དང་དེ་བཞིན་གློག་ཆེན་ས་འོག་མདོང་ལམ། ལམ་སྒྲོན། མི་སྐྱོད་ལམ། རིག་ལྡན་ཆུ་དོན་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་བཞིན་ཡོད་པ་རེད། ཝུའུ་དབྱིང་ཅེ་དང་བཅས་པ་དེ་གར་ཕེབས་ཏེ་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་པ་སངས་སྒྲོལ་མ་དང་སྡེ་ཁུལ་གྱི་མང་ཚོགས་ནོར་བུ་ཆོས་གྲགས་སོགས་དང་བྱམས་བརྩེའི་གླེང་མོལ་གནང་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་མཁྱེན་རྟོགས་ནན་ཏན་གནང་བ་རེད། པ་སངས་སྒྲོལ་མ་དང་ནོར་བུ་ཆོས་གྲགས་ཀྱིས་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་རྗེས་ད་ཆ་མདོང་ལམ་ཤར་གཏོང་ཐུབ་པ་དང་། འགྲོ་ལམ་ཤར་གཏོང་ཐུབ་པ། ཁོར་ཡུག་གཙང་སྦྲ་ལྡན་པ་བཅས་བྱུང་བས་མང་ཚོགས་ཚོས་སྒྱུར་བཀོད་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། རང་ཉིད་སྡོད་སའི་ཁོར་ཡུག་ལ་དེ་བས་སྲུང་སྐྱོང་ལེགས་པོ་བྱས་ཏེ། སྡེ་ཁུལ་དེ་བས་ཤེས་དཔལ་དང་ཞི་མཐུན་ལྡན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད། ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། གྲོང་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་སྟབས་བདེ་ཡོང་བ་བྱེད་པའི་རྩ་དོན་གཞིར་བཟུང་། མང་ཚོགས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ་དང་། སྡོད་མལ་དང་ལས་གཉེར་ལ་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ཏན་ཏན་ཏིག་ཏིག་གིས་ལས་ཀ་ལེགས་པར་སྒྲུབ་དགོས། ཡག་ཐོག་ཡག་བརྩེགས་ཀྱིས་ཞིབ་ཆར་དམ་འཛིན་ཡག་པོ་བྱས་ཏེ་ས་འོག་ཆུ་ལམ་དང་ཁྲོམ་གཞུང་སོགས་ཀྱི་ཆུ་འགྲོ་ཡག་པོ་བཟོ་བ་དང་། ཆུ་དང་། ལམ། གློག འཕྲིན་གཏོང་སོགས་མི་སེར་གྱིས་དོ་ཁུར་བྱེད་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཡོང་བ་བྱེད་དགོས། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་དང་སྲིད་ཇུས་འགྲེལ་བཤད་རྒྱག་པའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ལས་དོན་མི་སྣའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚང་མས་གཏིང་ཟབ་ཚོར་ཐུབ་པ་བྱེད་པ། “མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“རྒྱུན་འཁྱོངས་དང་འཐུས་ཚང་བྱེད་དགོས་པ་བཅུ་གསུམ”དང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་དབར་གྱི་འབྲེལ་བ་ཚོར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་གསལ་པོ་ཤེས་པ་བྱེད་པ་དང་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་ད་དུང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་མཐའ་འཁོར་གྱི་ཆུ་ལག་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་རེད།