《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

རང་ལྗོངས་སུ་གནམ་གྲུས་སོན་འདེབས་ནགས་བཟོའི་ལས་དོན་ཐེངས་དང་པོ་སྤེལ་བ།

སོན་འདེབས་ཁྱོན་མུའུ་ཁྲི་21.8ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་10ཉིན་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་རྩྭ་ཤིང་སྔོ་ཁེབས་སླར་གསོ་དང་རྒྱ་ཆེར་མགྱོགས་མྱུར་གཏོང་ཆེད། ཟླ་6ཚེས་9ཉིན་མཁའ་འགྲུལ་གནམ་གྲུ་H125ཡི་ཐད་འཕུར་གནམ་གྲུ་གཉིས་ཀྱིས་གནམ་གྲུས་སོན་འདེབས་ཀྱི་ལས་འགན་འཁུར་བའི་རང་ལྗོངས་ཀྱི་2020ལོའི་གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟའི་ལས་དོན་ལྷ་སར་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟ་དེ་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གིས་འགན་འཁུར་བ་དང་ཧྲའན་ཤིས་ཞིང་ཆེན་ནགས་ལས་བརྟག་དཔྱད་འཆར་འགོད་ཁང་གིས་ལས་རིམ་ཧྲིལ་པོར་ལག་རྩལ་མཛུབ་ཁྲིད་དང་སྤུས་ཚད་ལྟ་སྐུལ་བྱས་ཏེ་གནམ་གྲུས་སོན་འདེབས་བྱ་ཡུལ་གྲོང་ཁྱེར་དང་ཆུས(རྫོང)ཀྱིས་གཞོགས་འདེགས་དམ་ཟབ་བྱ་རྒྱུ་དང་ལྷ་ས་གངས་རྒོད་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིས་གནམ་གྲུས་སོན་འདེབས་ལས་དོན་སྒྲུབ་འགན་འཁུར་རྒྱུ་རེད། ཚོད་ལྟའི་ལས་སྒྲུབ་བྱ་ཡུལ་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། སྣེའུ་ཁུལ་གསར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་གྲ་ནང་རྫོང་བཅས་འདེབས་ཁུལ་9ཡོད་པར་གནམ་གྲུས་སོན་འདེབས་ཁྱོན་མུའུ་ཁྲི་21.8ཟིན་ཡོད། གནམ་གྲུས་སོན་འདེབས་ཀྱི་ཤིང(རྩྭ)རིགས་ནང་གླ་ཚེར་དང་། མཛོ་མོ་ཤིང་། ངང་པ་ཆིག་ཐུབ། དཔྱིད་སྡོང་དྲི་ངན། མེ་ཏོག་དབྱུག་པ། རྩྭ་འཁན་སྐྱ་སོགས་བསྡོམས་ཤིང(རྩྭ)རིགས་ཏུན་119.3ཟིན་ཡོད་པ་རེད།

“ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་གྲ་ནང་རྫོང་དུ་གནམ་གྲུས་སོན་འདེབས་ནགས་གསོ་བྱ་རྒྱུ་གཙོ་བོ་བྱེ་འགྱུར་ས་ཆར་དམིགས་པ་དང་གནམ་གྲུས་སོན་འདེབས་ཀྱི་ལྗོན་པའི་གསོན་ཚད་ཆེ་རུ་གཏོང་ཆེད་ང་ཚོས་ལྷོ་བྱང་རི་བོའི་སྲིབ་རི་དང་། ཉི་ཕྱོགས་རི་ལྡེབས། གཙང་བྱང་གི་བྱེ་འགྱུར་ས་ཆ་སོགས་འདེབས་ཡུལ་མི་འདྲ་བར་དམིགས་ནས། གནམ་གྲུས་སོན་འདེབས་བྱ་རྒྱུ་དང་ས་བོན་རིགས་བདུན་ལ་སྨན་རྫས་སྦྱོར་རྟ་བྱས་པས་གནོད་འབུ་འགོག་པ་དང་བརླན་སྲུང་སོགས་ཀྱི་ནུས་པ་ཐོན་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་པིང་ཀྲང་གིས་བཤད་པ་རེད།