《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཕེབས་ནས་སྤྱི་ཚོགས་བཅོས་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

འདི་ལོ་ཚུན་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས་གཞི་རིམ་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་བཅོས་སྐྱོང་ལས་ཀའི“ཞན་ཆ”དང“ཉམས་ཞན་ལྷུ་ཚིགས”སེལ་ནས“1+3+N”ཡི་གཞི་རིམ་གྱི་བཅོས་སྐྱོང་རྣམ་པ་འཚོལ་ཞིབ་བྱས་ཡོད། ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འདྲ་བཟོ་ཐུབ་པ་དང་ཁྱབ་གདལ་གཏོང་ཆོག་པའི་བྱེད་ཐབས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ལྗོངས་ཡོངས་ཀྱིས་གཞི་རིམ་བཅོས་སྐྱོང་ལས་ཕྱོད་ཆེ་རུ་གཏོང་ཆེད་དཔྱད་གཞི་མཁོ་འདོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

ཏིང་ཡེ་ཤན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་གི་རྨང་གཞི་ཡིན་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དང་ཐད་ཀར་འབྲེལ་བ་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་ཀྱི་བཅོས་སྐྱོང་བྱེད་ཕྱོགས་ལག་བསྟར་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་དང་། རང་འགུལ་ངང་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་བྱེད་པོ་སྣ་ཚོགས་ཀྱིས་སྤྱི་ཚོགས་ཁྱིམ་ཚང་ཆེ་མོའི་ནང་རང་འགན་གཙང་སྒྲུབ་དང་། འཁྲི་འགན་རང་འཁུར། འཇོན་ཐང་ངོམ་ཐུབ་པ་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་ཟབ་མོ་བརྟན་དུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

ཁྲེང་ཀོན་ཆུས་ཨེན་ཧུའེ་ཡོན་ཁུལ་ཆུང་དུ་རྟོག་ཞིབ་གནང་སྐབས་ཏིང་ཡེ་ཤན་གྱིས་གནས་སྤོས་མང་ཚོགས་ཚེ་རིང་བག་གྲོའི་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འཕེལ་རྒྱས་སྐོར་གླེང་གནང་བ་རེད། ཚེ་རིང་བག་གྲོས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ཡོད་པ་དེ་དག་རྒྱལ་ཁབ་ཀྱི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་པས་ངེས་པར་དུ་རང་གི་མྱོང་བ་དངོས་ལ་བརྟེན་ནས་ཀྲུང་གོའི་རིམས་འགོག་གཏམ་རྒྱུད་དང་བོད་ཀྱི་དབུལ་སྒྲོལ་གཏམ་རྒྱུད་ཡག་པོ་བརྗོད་དེ་ཉེ་འགྲམ་གྱི་མིར་ཕན་པ་སུ་ལ་འདོགས་པ་དང་། ཕན་པ་གང་ནས་བྱུང་བ། དྲིན་ལན་སུ་ལ་འཇལ་དགོས་པ་བཅས་དངོས་འབྲེལ་ཤེས་རྟོགས་ཐུབ་པའི་སློབ་གསོ་རྒྱག་གི་ཡིན་ཞེས་བཤད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཏིང་ཡེ་ཤན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཉམ་སྡེབ་དཔལ་འབྱོར་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། མང་ཚོགས་དབུལ་པོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབབ་འཕར་བརྟན་པོ་ཡོང་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་ད་དུང་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་དང་བོད་ལྗོངས་ས་གཙང་དཀར་ཆུའི་ཐོན་ལས་ཚད་ཡོད་ཀུང་སིར་ཕེབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། དམ་ཆོས་དང་བསྟན་བཟང་གིས་ཞུས)