《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月09日

ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་ཇི་མ་ཇི་བཞིན་བཀོད་པའི་ཚད་ལྡན་ཡིག་ཆ་གལ་ཆེན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་བྱ་སྤྱོད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་བྱ་སྤྱོད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།

རྒྱབ་ཤ་དཀར་པོའི་དེབ་འདི་ནི། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་ཇི་མ་ཇི་བཞིན་བཀོད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་ཞིང་། དེབ་འདིར་གླེང་གཞི་དང་། ནང་དོན་དངོས། མཇུག་བསྡུའི་གཏམ་བཅས་ཚུད་པའི་ཡིག་འབྲུ་ཁྲི་3.7ཙམ་ཡོད། ནང་དོན་དངོས་ཁག་བཞི་ལ་ཕྱེ་བ་སྟེ། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་འཐབ་ས་གཉིས་ཀྱིས་མཉམ་དུ་དམག་འཐབ་བརྒྱབ་པ། རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་པ་བཅས་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། “ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནི་ཉེ་བའི་ལོ་བརྒྱའི་རིང་མིའི་རིགས་ལ་ཕོག་པའི་ཤུགས་རྐྱེན་ཐེབས་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ནད་ཡམས་ཤིག་རེད” སྔར་བྱུང་མ་མྱོང་བ་དང་། གློ་བུར་དུ་ཐོན་པ། ཚབས་ཆེ་བ་བཅས་ཀྱི་རིམས་ནད་ཀྱི་རང་བྱུང་གནོད་འཚེའི་མདུན་དུ། ཀྲུང་གོས་བློ་ཐག་ཆོད་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བརྒྱབ་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་ནས་སྤྱི་ཡོངས་ལ་གཅིག་འདོམས་དང་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཏིང་སྟེ། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་གདེང་ཚོད་བརྟན་གཏོང་དང་། སྟོབས་ཤུགས་གཅིག་སྒྲིལ། ཁ་ཕྱོགས་གསལ་སྟོན་བཅས་གནང་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་ནན་བཤད་གནང་བ་དང་། “གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན”བཅས་ཀྱི་སྤྱིའི་བླང་བྱ་བཏོན་གནང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་ཁ་གསལ་བཏོན་གནང་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་འཐབ་ས་གཉིས་ཀྱིས་མཉམ་དུ་དམག་འཐབ་བྱེད་པའི་ཐད། ཀྲུང་གོས་ཆ་ཚང་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ། སྔར་ན་མེད་པའི་སྒོ་ནས་གཞི་ཁྱོན་ཆེན་པོས་ལོགས་སུ་འཇོག་པའི་བྱ་ཐབས་སྤྱད་པ་དང་། སྔར་ན་མེད་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཐོན་ཁུངས་བསྡུ་རུབ་བྱས་ནས་གཞི་ཁྱོན་ཆེན་པོས་སྨན་བཅོས་སྐྱོབ་བཅོས་བྱས་ཏེ་རིམས་ནད་འགོ་མཁན་གཅིག་ཀྱང་མི་ལུས་པ་དང་ནད་པ་གཅིག་ཀྱང་བློས་གཏོང་མ་བྱས་པར། “སྨན་ཁང་དུ་ཉར་དགོས་རིགས་ཚང་མ་ཉར་བ་དང་། སྨན་བཅོས་བྱེད་དགོས་རིགས་ཚང་མར་སྨན་བཅོས་བྱེད་པ། བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱེད་པ། ལོགས་སུ་འཇོག་དགོས་རིགས་ཚང་མ་ལོགས་སུ་འཇོག་པ”བཅས་ཐུབ་པ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཆ་རྒྱུས་མེད་པའི་ནད་དུག་གློ་བུར་དུ་ཐོན་སྐབས། ཀྲུང་གོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་མྱུར་ལ་ནུས་ལྡན་གྱི་སྒོ་ནས་སྐོང་འཐེན་བྱས་ཏེ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་སྙིང་རུས་ཆེན་པོས་ལེགས་སྐྱེས་འབུལ་བ་དང་མཐུན་སྒྲིལ་རོགས་ལས་བྱས་ཏེ་ཀུན་སེམས་གཅིག་མཐུན་གྱིས་རིམས་འགོག་བྱེད་པའི་འགོག་རགས་བརྟན་པོ་བསྐྲུན་ནས་མི་དམངས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་བྱས་ཡོད་ཅེས་ནན་བཤད་བྱས་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་བློས་གཏོང་ཚད་མེད་ཀྱིས་རིམས་ནད་ཀྱི་དུས་བབ་ལེགས་སུ་ནུས་ལྡན་བཏང་བས། ཟླ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་རིམས་ནད་མཆེད་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་། ཟླ་གཉིས་ཙམ་གྱི་དུས་ཚོད་ནང་ཡུལ་དེ་གའི་ཉིན་རེའི་གསར་འཕར་ནད་དཔེ་གྲངས་གནས་གཅིག་ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཟླ་གསུམ་ཙམ་གྱི་དུས་ཚོད་ནང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱུང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ནས་རྒྱལ་ཁབ་གཞན་དག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བརྒྱབ་པ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཡོད། ཀྲུང་གོས་ཁྲིམས་བཞིན་དང་། ཡོངས་བསྒྲགས། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་ཐོག་ནས་འཕྲལ་མ་ཉིད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་འབྲེལ། ཕྱོགས་ཁག་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་སྦ་གསང་མེད་པར་མཉམ་སྤྱོད་བྱས་ཡོད། རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བཟོས་པའི་དཀའ་སྡུག་ལ་ཀྲུང་གོར་མྱོང་ཚོར་གཅིག་མཚུངས་ཡོད་པས། རང་ནུས་ཡོད་རྒུས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ་དང་འབྲེལ། གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་ཡང་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་། མཐུན་སྒྲིལ་མཉམ་ལས་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་ནུས་པ་ལྡན་པའི་བྱ་ཐབས་ཤིག་ཡིན་པས། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་འཕེལ་རྒྱས་ཆེད་འཆར་གཞི་འགོད་པ་དང་། ཕ་ཚ་བུ་རྒྱུད་ཆེད་ཇུས་གཞི་འདིང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་པ། སེམས་ནུས་གཅིག་འགྲིལ་དང་། ལྟ་རེས་སྐྱོང་རེས། རིམས་ནད་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་དཀོན་གྱིས་ཞུས)