《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月31日

སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་དུམ་བུའི་གཞུང་ལམ་བདག་སྐྱོང་བཟོ་བཅོས་ཆེ་འབྲིང་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་མྱུར་བགྲོད་གཞུང་ལམ(གཤམ་དུ་གནམ་ཐང་མྱུར་བགྲོད་གཞུང་ལམ་ཞེས་བསྡུ་རྒྱུ)སྟེ། རང་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པའི་སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་དུམ་བུའི་གཞུང་ལམ་བདག་སྐྱོང་བཟོ་བཅོས་ཆེ་འབྲིང་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཞིང་། རྣམ་གྲངས་དེ་འགོ་འཛུགས་ས་སྣེའུ་ཞིབ་བཤེར་ས་ཚིགས་ཡིན་པ་དང་། མཇུག་བསྡུ་ས་བསྐལ་ལ་ཕུག་ལམ་གྱི་དོན་ས་བྱང་མ་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་30.97ཟིན་ཡོད་པ་རེད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ཆེད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི“ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱེད་རྒྱུ”མཐའ་འཁྱོངས་བྱས་ནས་དོན་གཉེར་དང་། ནུས་ཆེ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྩོན་ལེན་ཧུར་ཐག་བྱས་ཡོད། གནམ་ཐང་མྱུར་བགྲོད་གཞུང་ལམ་བདག་སྐྱོང་གི་བཟོ་བཅོས་ཆེ་འབྲིང་ལས་གྲྭ་དེ་སྔའི་འཆར་གཞིའི་ཟླ་6ཚེས་30ཉིན་ལས་ཟླ་གཅིག་ལྷག་ཙམ་སྔ་བ་ཡོད་པ་རེད།

བོད་ལྗོངས་ཐན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཐང་ལིན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། གཞུང་ལམ་ཅུས། རིམ་མཐོའི་གཞུང་ལམ་དོ་དམ་ཅུས་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཀུང་སིས་འཕྲལ་དུ་ཨར་ལས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྣམ་གྲངས་ཅིང་ལི་དང་། རྣམ་གྲངས་སྤྱི་ཁྱབ་བཟོ་བཀོད་པ། བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་སོགས་མི་སྣ་ལས་ཡུལ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཡོད། ཟླ་3ཚེས་27ཉིན་ནས་བཟུང་། ལས་འགོ་ཚུགས་ཚུན། ཨར་ལས་མི་སྣ་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་རིམས་འགོག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ནས་ལས་རེས་གཉིས་ལ་ཕྱེ་བ་དང་གཞོགས་གཅིག་ཏུ་སྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་གྲྭའི་ཨར་ལས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་འགྲོ་ལམ་གོ་རིམ་ལྡན་པའི་ངང་ཤར་བགྲོད་ཐུབ་པ་དང་། ལས་གྲྭ་འཛུགས་སྐྲུན་དུས་གཅིག་ཏུ་སྤེལ་བའི་འགན་ལེན་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་སྔར་ཡོད་ཀྱི་འགྲོ་ལམ་ལག་རྩལ་ཚད་གཞི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ལམ་ངོས་གཅིག་སྡུད་བཟོ་བཅོས་རྒྱག་པ་དང་། ལམ་ཐག་ཧྲིལ་པོར་གས་སྲུང་རྩྭ་རས་གསར་དུ་བཏིང་ནས་རྗེས་སུ་བེད་སྤྱོད་གཏོང་རིང་། ལམ་ངོས་གས་པའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

གླེང་འོས་པ་ཞིག་ནི། ད་ཐེངས་ཀྱི་རྣམ་གྲངས་ནང་ཀུང་སི་དེས་ལྗོངས་ཡོངས་སུ་ལམ་ངོས་རྙིང་པར་སྣུམ་སྙིགས་མཉམ་བསྲེས་རྒྱུ་ཆ་སླར་ཡང་ཚ་པོ་བཟོ་བའི་ལག་རྩལ་ཐེངས་དང་པོ་སྤྱད་དེ། སྣུམ་སྙིགས་ཟོག་རོ་ཐོན་ཉུང་དུ་བཏང་བ་དང་འབྲེལ། ལས་གྲྭ་སྐྲུན་རིང་གི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)