《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月31日

ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ལྟ་སྐུལ་ཚོགས་ཆུང་གི་ཏང་ཡོན་རྒན་གྲས་དགུ།

དབུལ་སྒྲོལ་འགག་སྒྲོལ་ལམ་བུའི་ཐོག་གི“སྤོ་བོ་ཡག་པོ”

“ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ”“ཡོང་འབབ་གང་འདྲ་འདུག་གམ”“དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན་ཁྱེད་ཚོའི་ཁྱིམ་ཚང་ལ་འགྱུར་ལྡོག་གང་འདྲ་བྱུང་སོང་ངམ། དེ་སྔ་དང་བསྡུར་ན་ཁྱད་པར་གང་དག་འདུག་གམ”“ད་དུང་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་དཀའ་ངལ་གང་དག་འདུག་གམ། རང་ཉིད་ཀྱིས་འབད་བརྩོན་བྱས་ཚེ་གནད་དོན་གང་དག་ཐག་གཅོད་ཐུབ་ཀྱི་འདུག་གམ། རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས་པ་གང་དག་འདུག་གམ”

གཞིས་རྩེ་གྲོང་ཁྱེར་དུ་ཏང་ཡོན་རྒན་གྲས་9ལས་གྲུབ་པའི་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཞིག་ཡོད་པ་དེས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། ངལ་བ་ཁྱད་བསད་ཀྱིས་ལས་ཡུལ་དངོས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་ཚགས་བྱེད་པ། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གནད་དོན་གྲོས་བསྡུར་གཏིང་ཟབ་བྱེད་པ། ནུས་ཆེ་དང་གནད་སྨིན། ནན་ཏན་བཅས་ཀྱི་སྒོ་ནས་སྡེ་ཚན་འཚོལ་བ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ཏེ་མང་ཚོགས་དང་ལྷག་དོན་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སེམས་ཁྲལ་ཆེ་བ་དང་རྙོག་འཛིང་ཆེ་བའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པས་ཁོང་ཚོར་མང་ཚོགས་ཚོས་སྙིང་ཉེ་པོས“སྤོ་བོ་ཡག་པོ”ཞེས་འབོད་ཀྱི་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) “ཁྱིམ་ཚང་དུ་རྒན་རྒོན་གཅིག་ཡོད་ཚེ་ནོར་བུ་ཡོད་པ་ལས་ལྷག”ལས་རིགས་སྣ་ཚོགས་ནས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་ཚོའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། སྙན་གྲགས་ཆེ་བ། མང་ཚོགས་ཀྱི་རྨང་གཞི་ཡག་པ། དཀའ་གནད་དང་གླེང་མང་བའི་གནད་དོན་ཐག་གཅོད་མཁས་པ། ལག་ལེན་ཡུན་རིང་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ལས་རྒན་ཡོལ་ཞུས་ཀྱང་ད་དུང་ངལ་ནུས་ལྷག་མ་ལེགས་སྐྱེས་ཕུལ་ཏེ་རང་ཉིད་ཀྱི་རིན་ཐང་ལྷག་བསམ་རྣམ་དག་ངང་མངོན་པར་བྱེད་འདོད་ཆེན་པོ་ཡོད།

ཏང་ཡོན་རྒན་གྲས་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བར་དམིགས་ནས་ལྟ་སྐུལ་བྱེད་པ་དང་། དབུལ་པོ་ངོ་མ་དབུལ་སྒྲོལ་དང་དབུལ་སྒྲོལ་ངོ་མ་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད། གཞིས་རྩེ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས《ཏང་ཡོན་རྒན་གྲས་ཚོས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་ལེགས་སུ་གཏོང་བའི་ལས་དོན་སྤེལ་རིང་ལྟ་སྐུལ་ཞིབ་བཤེར་ཚགས་ཚུད་པོ་བྱེད་པའི་ཇུས་གཞི》བཟོས་པ་དང་སྦྲགས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོས་འགོ་བཏོན་པས་ཏང་ཡོན་རྒན་གྲས་20ལྷག་ཙམ་གྱིས་དང་ལེན་ཧུར་ཐག་ཞུས་ཏེ་མིང་ཐོའང་བཀོད་པ་རེད།

མཐར་གཞིས་རྩེ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལེགས་ཁྲོད་ཧྲག་འདེམས་བྱས་ཏེ་གཟུགས་གཞི་ཐང་བ་དང་། ཏང་ལ་ལྷག་བསམ་དག་པ། ལས་ཀར་དགའ་ཞེན་ཆེ་བ། ཆེད་ལས་ཀྱི་འཇོན་ཐང་ཆེ་བ་བཅས་ཀྱི་ཏང་ཡོན་རྒན་གྲས་9བདམས་ནས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་3བཙུགས་ཏེ་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད།

ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་གནད་སྨིན་ཏན་ཏིག་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་དབུལ་སྒྲོལ་འགག་སྒྲོལ་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཏང་ཡོན་རྒན་གྲས་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་ལས་ཤེས་བྱ་གསོ་སྦྱོང་དང་སྦྲགས། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་དཔྱད་གཞིའང་སྤྲད་པ་རེད།

འདི་ལོའི་ཟླ་4ཚེས་10ཉིན“སྤོ་བོ་ཡག་པོ”རྣམ་པ་ལས་ཀར་དངོས་སུ་ཞུགས་ནས་ཁོ་ཚོས་དཔྱད་གཞི་ལྟ་བ་དང་། སྐད་ཆ་ཞིབ་ཕྲ་འདྲི་བ། ས་གནས་ས་ཐོག་ཏུ་ཞིབ་ལྟ་བཅས་ཀྱི་བྱེད་ཐབས་བརྒྱུད་གནད་དོན་ཡོད་པའི་སྒོ་ནས་གནད་དོན་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་དང་མང་ཚོགས་ཀྱི་སྙིང་གཏམ་ཉན་པ་རེད།

བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་འོད་ཤུགས་གྲོང་རྡལ་ཆུང་ངུར་དགུན་ཁ་མདོང་ལམ་འཁྱགས་ནས་འཕྲོ་བརླག་ཕྱིན་ནས་ཞིང་དུད་མང་ཆེ་བར་འཐུང་ཆུའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་སྟབས“སྤོ་བོ་ཡག་པོ”ཚོས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ཏེ་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།

རྒྱལ་རྩེ་རྫོང་གི་སྤང་ཡུལ་ཐང་རྣམ་གྲངས་ལས་ཡུལ་དུ“སྤོ་བོ་ཡག་པོ”ཚོས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཡོད་པ་ཤེས་འཕྲལ་དུས་ཡུན་ཉིན་7གྱི་ནང་ཐག་གཅོད་བྱེད་རྒྱུའི་རེ་བ་བཏོན་པས་རེ་བ་བཏོན་པའི་ཉིན་6པ་དེར་འགྱངས་ཆད་བྱས་པའི་གླ་ཆ་ཚང་མ་རག་པ་རེད།

མིག་སྔའི་བར“སྤོ་བོ་ཡག་པོ”ཚོས་རྫོང་9ཡི་ཤང་དང་གྲོང་རྡལ་26གི་སྲིད་འཛིན་གྲོང་ཚོ་40ལྷག་ཙམ་གྱི་དུད་ཚང་དབུལ་པོ་180ལྷག་ཙམ་དང་། སློབ་ཆུང་10 གྲོང་ཚོ་རིམ་པའི་སྨན་དོན་ཁང་18བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཕྱོགས་གང་ས་ཅི་ཐད་ཀྱི་གནད་དོན་40ལྷག་ཙམ་ལ་གྲལ་བཤེར་གསེད་བཀྲོལ་བྱས་པའི་ཁྲོད་30ལྷག་ཙམ་ཐག་གཅོད་ཟིན་པ་རེད།

ཏན་ཡོན་རྒན་གྲས“སྤོ་བོ་ཡག་པོ”ཚོའི་དཔེ་སྟོན་སྐུལ་ཁྲིད་འོག་གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སེམས་ནུས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་ཀྱི་དྲང་ནུས་སྔར་བས་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྣམ་པ་ཟབ་མོ་གཏོད་བཞིན་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་སྐལ་མཆོག་གིས་ཞུས)