《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲི་ཐར་གྱིས་གསུངས་དོན།

སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་དགོས།

སྨན་གྲོང་ནོར་བུ་སྲི་ཐར་ཐོག་མར་འཕྲད་སྐབས་ཁོང་བོད་ཀྱི་ཐང་ག་ཁང་གི་དམའ་རིམ་འཛིན་གྲྭར་ཀུན་བཟང་དབང་མོ་དང་བཀྲ་ཤིས་ལྷ་འཛོམས་གཅེན་གཅུང་ལ་ཐང་ག་བཞེངས་སྟངས་སློབ་ཀྱིན་འདུག ཆབ་མདོ་ནས་ཡིན་པའི་གཅེན་གཅུང་དེ་གཉིས་ནི་མིག་སྔར་ཐང་ག་ཁང་དེའི་ལོ་ཆུང་ཤོས་རེད།

“འདི་གར་སློབ་སྦྱོང་བྱེད་མཁན་ཕལ་ཆེ་བ་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་ཤ་སྟག་རེད། ཚང་མས་འཚོ་བའི་ཆེད་འདི་ནས་ལག་རྩལ་སྣ་རེ་སྦྱོང་གི་ཡོད”བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་རིམ་པའི་སྨན་གསར་ལུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན། བོད་ཀྱི་ཐང་ག་ཁང་གི་ཡོན་ཀྲང་། ཀྲུང་དབྱང་དྲིལ་བསྒྲགས་པུའི“ཁག་གཅིག་རེ་བཞིའི”ཤེས་ལྡན་པ་སྨན་གྲོང་ནོར་བུ་སྲི་ཐར་ནི་བོད་ཀྱི་སྲོལ་རྒྱུན་ཐང་གའི་ལས་རིགས་སུ་གྲུབ་འབྲས་ཆེ་བའི་མི་སྣ་ཞིག་ཡིན་ཞིང་། ན་སོ་གཞོན་ལ་འཇོན་ཐང་ཆེ་བས་གང་སར་སྐད་གྲགས་ཆེ། འོན་ཀྱང་ཁོང་ལ་མཚོན་ན་གཟི་བརྗིད་དང་མཚན་སྙན་དེ་དག་ནི་ལྗིད་ཏིག་ཏིག་གི་ལས་འགན་ཞིག་རེད། ད་ཆ་ཁོང་གི་ཕུགས་འདུན་ནི་ལྷ་འབྲི་བ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་བོད་ཀྱི་ཐང་གའི་ལས་རིགས་ཀྱི་རབས་གསར་པ་ཚོར་གོ་སྐབས་དེ་བས་མང་བ་བརྩོན་ལེན་གྱིས་གནའ་ཉམས་ལྡན་པའི་སྲོལ་རྒྱུན་གྱི་ལག་རྩལ་དེ་ལས་ཁོ་ཚོར་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཞིག་ཡོང་བ་བྱེད་རྒྱུ་དེ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ཀྱི་ཐང་ག་ཁང་བཙུགས་པ་ནས་ད་བར་དགེ་ཕྲུག་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཐང་ག་ཁང་གིས་གསོ་སྐྱོང་དང་སྐུལ་ཁྲིད་བྱས་པའི་ཐང་གའི་ལས་གཉེར་མི་སྣས་ལྗོངས་ཡོངས་ཀྱི་ཐང་གའི་ལས་གཉེར་མི་སྣའི་30%བཟུང་ནས་རང་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཁ་ཡོད་ལག་ཡོད་ཀྱི་ལེགས་སྐྱེས་ཕུལ་ཡོད་ལ། རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་གསོན་ཤུགས་བསྣན་ཡོད། “ན་ནིང་གི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་ངའི་གྲོས་གཞི་ནི་བོད་ཀྱི་ཐང་གའི་སྒྱུ་རྩལ་ལས་རིགས་ལ་ཞུགས་ཚད་མང་བ་དང་ཐང་གའི་སྐད་གྲགས་ཆེ་རུ་གཏོང་རྒྱུའི་སྐོར་ཡིན། སྔར་ནས་ད་བར་ངའི་ཐོག་མའི་བསམ་འདུན་འགྱུར་མྱོང་མེད། བོད་ཀྱི་གཞོན་ནུ་ལྷ་འབྲི་བ་དེ་བས་མང་བས་གོ་སྐབས་བྱུང་ཚེ་ཐོས་པ་མང་ཙམ་གསོག་པ་དང་། མིག་གིས་མང་ཙམ་ལྟ་བ། སློབ་སྦྱོང་མང་ཙམ་བྱེད་པ་བཅས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་བརྟེན་ནས་ཁོ་ཚོའི་འབྱུང་འགྱུར་དེ་བས་མཚར་སྡུག་ལྡན་རེ་ཡོད”ཅེས་སྨན་གྲོང་ནོར་བུ་སྲི་ཐར་གྱིས་གསུངས་པ་རེད།