《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་གསུངས་དོན།

བོད་ཀྱི་ཞིང་འབྲོག་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

“བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་ནི་ཞན་ཆ་ཆེ་ཤོས་ཡིན་ལ་མི་མངོན་པའི་སྟོབས་ཤུགས་གནས་ས་ཆེ་ཤོས་ཤིག་ཀྱང་རེད”ཅེས་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ‘ནས་ཀྱི་འབུམ་རམས་པ’ བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་མ་བསྐྱོད་གོང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

1986ལོར་སློབ་གྲྭ་ཐོན་པ་ནས་ད་བར་ཉི་མ་བཀྲ་ཤིས་བོད་ཀྱི་ནས་འདེབས་གསོའི་བྱ་གཞག་ལ་སྔ་ཕྱི་བར་གསུམ་དུ་གཞོལ་ནས “ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལག་རྩལ་གསར་གཏོད་ཚོགས་པ”མེད་པ་ནས་ཡོད་པ་དང་། བཙུགས་པ་ནས་འཕེལ་རྒྱས་སུ་གཏོང་བའི་བར་གྱི་དཀའ་སྤྱད་བརྒྱུད་རིམ་གྱི་དཔང་པོ་བྱེད།

ཉི་མ་བཀྲ་ཤིས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱིས་ས་བོན་ཐོན་ཁུངས་དང་། ས་བོན་རིགས་མི་འདྲ་བའི་འདེབས་གསོ། འདེབས་རྩལ། ཐོན་ཟོག་ལས་སྣོན་བཅས་ཕན་ཚུན་གཞོགས་འདེགས་མཉམ་ལས་ཐུབ་ནས་དབུ་བཞུགས་རིགས་གཅིག་མཁས་ཅན་གྱིས་འགན་འཁུར་བ་དང་ཁྱབ་ཁོངས་སོ་སོའི་རིགས་གཅིག་མཁས་ཅན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལག་རྩལ་གསར་གཏོད་ཚོགས་པ་མིང་དོན་མཚུངས་པ་ཞིག་བཙུགས་ཤིང་། ཚོགས་པ་དེས་ནས་ལ་ཞིབ་འཇུག་བྱས་ཏེ་ནས་ཀྱི་རིགས་རྫས་ཐོན་ཁུངས་དང་། སྣེ་ཁ་གསར་པ་འདེབས་གསོ། ཁྱད་ལྡན་ཐོན་ཟོག་ཞིབ་འཇུག་གསར་སྤེལ་སོགས་ལ་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཐོབ་ནས་བོད་ཀྱི་ནས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་སོགས་ལ་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད།

ཉི་མ་བཀྲ་ཤིས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་རེད་ལ། བོད་ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་ལ་ཆེས་མངོན་གསལ་དོད་པའི་ཞན་ཆའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་འཛིན་བྱས།

དེར་བརྟེན་ད་རེས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ཉི་མ་བཀྲ་ཤིས་ཀྱིས་པེ་ཅིང་དུ་ཞིང་འབྲོག་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་ཇི་ལྟར་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།

གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་བཏང་བ་ལས་ཐོན་ཟོག་གི་སྤུས་ཚད་དང་། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས། ཐོན་ལས་ཀྱི་གཞི་ཁྱོན་བཅས་ཀྱི་བླང་བྱ་རྒྱུན་ཆད་མེད་པར་ནན་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་ཚན་རྩལ་གསར་གཏོད་ལ་རྟེན་ཤུགས་ཇེ་ཆེ་ནས་ཇེ་ཆེ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་གཏོང་བ་གལ་ཇེ་ཆེར་གྱུར་ན་ཡང་། “བོད་ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་དཀའ་གནད་དང་ཞན་ཆ་ཆེ་ཤོས་ནི་གསར་གཏོད་ཀྱི་ཤེས་ལྡན་པ་དཀོན་པ་དེ་ཡིན་པས། ཞིང་འབྲོག་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐབས་བྲལ”ཞེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད།

བོད་ཀྱི་ཞིང་འབྲོག་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བའི་ཐད། ཉི་མ་བཀྲ་ཤིས་ཀྱིས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་ཚན་རྩལ་ཤེས་ལྡན་པ་བསྡུ་ཚད་མང་དུ་འོས་འཚམ་གཏོང་བ་དང་ཞིང་འབྲོག་ཚན་རྩལ་གྱི་མཐོ་རིམ་གསར་གཏོད་ཤེས་ལྡན་པ་དམིགས་སུ་གསོ་སྐྱོང་བྱེད་པ་དང་ཆབས་ཅིག བོད་ལ་རོགས་སྐྱོར་བྱེད་མཁན་ཆེད་ལས་ལག་རྩལ་མི་སྣའི་ལེ་ལག་ཚང་བའི་འགན་སྲུང་བྱེད་ཐབས་སོགས་ཤུགས་ཆེར་བཏང་ནས། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་རེ་ཞུ་དང་། དཔྱད་ཞིབ། ཡོན་གཉིས་ཀྱི་ཡོན་ཧྲི་རེ་ཞུ་དང་དཔྱད་འདེམས་སོགས་ཀྱི་ཐད་ཧེ་བག་ཅན་གྱི་དཔྱད་ཞིབ་ལམ་སྲོལ་ལག་བསྟར་བྱས་ནས། བོད་ལ་གྲངས་ཚད་གཏན་འཁེལ་གྱི་དམིགས་ཚད་དང་དེ་འཚམ་གྱི་དཔྱད་འདེམས་གཟིགས་སྐྱོང་སྲིད་ཇུས་གནང་སྟེ། འབྲེལ་ཡོད་ཕུལ་བྱུང་ཚན་རིག་པ་དེ་བས་མང་པོས་མཐའ་སྐྱོང་བོད་བརྟན་ལ་ཚན་རྩལ་གསར་གཏོད་ཀྱི་ལེགས་སྐྱེས་འབུལ་བར་ལྕག་སྐུལ་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། ཁོང་གིས“བོད་ཀྱི་ཞིང་འབྲོག་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ཚེ། ལྗོངས་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་རིམ་བཞིན་སྤུས་ཚད་ལེགས་པའི་འཕེལ་རྒྱས་གཏན་གཏན་འགྲོ་ངེས་རེད”ཅེས་བརྗོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར་ཅིང་ཞུས)