《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

ས་མཐོར་བདེ་སྐྱིད་གླུ་དབྱངས་ལེན།

ལོ་བཞི་བསྟུད་མར་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ“ཕྱོགས་བསྡུས་གདེང་འཇོག་ཡག་པོ”ཡོད་པར་བདམས་པ་དང་། 2019ལོའི་ཟླ་12པར་རང་ལྗོངས་ཀྱི་རྫོང(ཆུས)དབུལ་པོ་19ཡི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པ་དང་སྤྱི་ཡོངས་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་གྲབས་ཡོད་པ།

2019ལོའི་ཟླ་11པར་རང་ལྗོངས་ཀྱིས་སློབ་མཚམས་ཆད་པའི་བྱིས་པ་ཚང་མ་སློབ་གྲྭར་ཡོང་རྒྱུའི་ཁ་ཏ་བྱས་ཏེ་འོས་འགན་སློབ་གསོ་དང་ལེན་བྱས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་ལེགས་གྲུབ་ཐུབ་ཚད་98.9%ཟིན་པ། མང་ཚོགས་དབུལ་པོ་ཁྲི་3.23གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཚང་མ་ཐག་གཅོད་བྱས་ནས་རྫོང(ཆུས)74ཡི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་བའི་ལས་དོན་ལེགས་གྲུབ་ཟིན་པ་བཅས་རེད།

རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་རང་ལྗོངས་ཀྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་ཡུལ་བབ་དང་བསྟུན་ནས་གནད་སྨིན་རོགས་སྐྱོར་བྱས་ཏེ་ལྗོངས་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་རྒྱུན་སྲོལ་ལས་བརྒལ་བའི་ནུས་ཤུགས་འདོན་སྤེལ་བྱས་པ་དང་རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱས་ཏེ་རྫོང(ཆུས)ལ་ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་གཏོང་། ལས་ཞུགས་སྔོན་སྒྲུབ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་སོགས་ཀྱི་ལས་དོན་ལ་དཔུང་པ་མཉམ་གཤིབ་ཀྱིས་སྐུལ་འདེད་བཏང་ཐོག་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་པ་རེད།

དབུལ་ཕོངས་ཀྱི་མཁར་རྫོང་ནུས་ཤུགས་ཡོད་རྒུས་གཏོར་བ།

རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཚད་གཞི་མཐའ་འཁྱོངས་ཀྱིས་ཞན་ཆ་སེལ་བ་དང་ཞན་ཆ་ལེགས་གཏོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡུས་འཆར་འགོད་དང་ཆེད་དོན་འཆར་འགོད་སོགས་བཏོན་ནས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རང་ངོས་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་དང་དབུལ་སྐྱོར་ཆེན་པོའི་བཀོད་པ་ཆགས་པ་རེད།

རང་ལྗོངས་ཀྱིས《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་ཇུས་གཞི》དང《ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི》འཆར་འགོད་ཀྱི་རྣམ་གྲངས(རིགས)1800ཡི་རྨང་གཞིའི་ཐོག་རྣམ་གྲངས་2697དང་མ་འཇོག་སྒོར་དུང་ཕྱུར་677ལག་བསྟར་ཞིབ་ཕྲ་བྱ་རྒྱུའི་ནང་རྣམ་གྲངས་2286དང་མ་འཇོག་སྒོར་དུང་ཕྱུར་552.3ལེགས་གྲུབ་ཟིན་པ་དེ་དག་འཆར་འགོད་ཀྱི་84.8%དང་81.6%སོ་སོར་ཟིན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།

2016ལོ་ཚུན་དུ། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་360ལྷག་ཙམ་བཏང་བ་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་2661ལག་བསྟར་བྱས་པ། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་145དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲི་1ལྷག་ཙམ་སྐྱེད་སྲིང་བྱས་པ། མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་བྱས་པ། ཕན་པ་ཐོབ་པའི་ཞིང་འབྲོག་མང་ཚོགས་ཁྲི་70ལྷག་ཙམ་ཟིན་པ་བཅས་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་གལ་ཆེན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

“ཁག་གཅིག་རེ་ལྔ”ལ་བརྟེན་ནས་ཕྱུག་འགྱུར་གྱི་ཆོད་སེམས་བརྟན་དུ་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས་རང་ལྗོངས་ཀྱིས་ཐོན་ལས་ལག་རྩལ་མཉམ་ལས་དང་ལས་ཞུགས་གསོ་སྦྱོང་མངོན་གསལ་དོད་སར་བཞག་སྟེ། 2016ལོ་ནས་2019ལོ་བར་ཞིང་འབྲོག་པ་དབུལ་པོའི་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་2.79སྤྲད་པ་དང་། “མངགས་ཐོ་རྣམ་པའི་ཁ་ཕྱོགས་གཏན་འཁེལ་གྱི”གསོ་སྦྱོང་དང་གཞི་རིམ་དུ་སློབ་ཁྲིད་བྱེད་པ་བརྒྱུད་མི་འབོར་དབུལ་པོ་ཁྲི་15.31ལ་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་རག་པ་རེད།

“གནད་སྨིན་དྲུག”གི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས“ཁག་གཅིག་རེ་ལྔའི”འདུ་འགོད་ལག་བསྟར་བྱས་ཏེ“སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། དབུལ་པོ་ལས་ཕྱིར་འཐེན་ཇི་ལྟར་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དུད་ཚང་དབུལ་པོ་བརྟན་པོའི་ངང་འབབ་འཕར་ཡོང་བར་རོགས་རམ་དང་རང་སྟོབས་རང་སྤེལ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཆོད་སེམས་དང་ངར་ཤུགས་ཆེ་རུ་བཏང་བ་རེད།

—— ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དེ་དབུལ་སྒྲོལ་གྱི་རྩ་བར་བརྩིས་ཏེ། ནས་དང་འབྲི་གཡག་གཙོ་བོར་བྱས་པའི་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས་བཅས་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད།

—— ལས་ཞུགས་གཞན་སྒྱུར་དེ་འབབ་འཕར་གྱི་ཐབས་ལམ་ལ་བརྩིས་ནས་རིམ་རྩིས་བརྒྱབ་ན་མི་ཁྲི་18.64ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པར་བྱས་པ་རེད།

—— ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དེ་ཕུགས་ཇུས་ཤིག་ལ་བརྩིས་ཏེ། ལྗོངས་ཡོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ(ས་ཚིགས)975ཡི་ཁྲོད་ནས་959བསྐྲུན་ཟིན་པ་དང་། མི་ཁྲི་26.3སྡོད་ཁང་གསར་པར་སྤོས་ཟིན་པ་དེས་གནས་སྤོས་མི་འབོར་བསྡོམས་འབོར་ཁྲི་26.6གི་98.9%བཟུང་བ་རེད།

—— སྣོད་བཅུད་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་དེ་དམངས་ཕན་གྱི་ཐབས་ཇུས་ཤིག་ཏུ་བརྩིས་ཏེ། 2019ལོར་ཆེད་ལས་དང་འགན་གཅིག་ལྕོགས་ལས་གནས་ཀྱི་སྣོད་བཅུད་ཁ་གསབ་ལས་གནས་ཁྲི་65.5དོན་འཁྱོལ་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པ་ཁྲི་26ཡོད་པ་རེད། རྨོ་བསྐྱུར་ནགས་གསོ་དང་རྨོ་བསྐྱུར་རྩྭ་གསོ་དང་། རི་རྒོད་སྔོ་ལྗང་ཅན་དུ་འགྱུར་བ། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ་དང་ཁ་གསབ་སོགས་རྣམ་གྲངས་ཕྱོགས་བསྡུས་ལག་བསྟར་བྱས་པ་དེ་མི་འབོར་དབུལ་པོ་ཁྲི་22ལ་ཁྱབ་ཡོད་པ་རེད།

—— སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱེད་པ་དེ་རྩ་བཅོས་ཀྱི་བྱེད་ཐབས་ལ་བརྩིས་ཏེ། ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་། བསྟུད་མར་ལོ་3རིང“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་བཏང་བ། དུད་ཚང་དབུལ་པོའི་ཕྲུ་གུ་མཐོ་རིམ་སློབ་གྲྭ་འགྲིམ་སྐབས་ཀྱི“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་སློབ་མ་མི་ཐེངས་ཁྲི་231.21ལྷག་ཙམ་ལ་རོགས་རམ་བྱས་པ་རེད།

—— སྤྱི་ཚོགས་འགན་སྲུང་བྱེད་པ་དེ་ཐ་སྐྱོང་གི་བྱེད་ཐབས་ཤིག་ལ་བརྩིས་ཏེ། སྨན་ཁང་དུ་སྡོད་སྐབས“སྔོན་ལ་སྨན་བཅོས་དང་རྗེས་སུ་རྩིས་རྒྱག་པའི”ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དེའི་ཁྱབ་རྒྱ་98.5%ཟིན་པ་དང་། མི་འབོར་དབུལ་པོའི་སྨན་རིན་རྩིས་ཞུའི་ཚད་གཞི་དེ་ཡིག་ཚགས་དང་གཱ་མ་བཟོས་པའི་མི་འབོར་ལས་5%མཐོ་རུ་བཏང་ཡོད་པ་རེད།

“མཚམས་མི་འཇོག་པ་བཞི”ལ་བརྟེན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

“ང་ཚོའི་གྲོང་ཚོར་བུ་བཅོལ་ཁང་བརྒྱབ་ཟིན་པས་བུ་བཅོལ་ཁང་དུ་འགྲོ་ཆོག་གི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི་ཕྲུ་གུ་འགས་འཛུམ་དམུལ་དམུལ་གྱིས་བཤད།

“བོད་སྐྱོར་མ་དངུལ་གྱི་རོགས་རམ་འོག་གྲོང་ཚོར་བུ་བཅོལ་ཁང་བརྒྱབ་པ་དང་ཕྲུ་གུ་ཚོ་ཐག་ཉེ་སར་སློབ་གྲྭར་འགྲོ་ཐུབ་ཀྱི་ཡོད་པས་ང་ཚོ་ཞིང་འབྲོག་པའི་ཆེད་དུ་དོན་ཆེན་ཞིག་བསྒྲུབས་སོང”ཞེས་གྲོང་མི་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

འདི་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པའི་བསྡུས་རིས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དེ་གྲོང་གསེབ་དར་རྒྱས་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་དང་ཟུང་འབྲེལ་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་འཕེལ་རྒྱས་འགྲོ་བའི་ཞན་ཆ་དེ་མགྱོགས་མྱུར་བསལ་བ་རེད།

“མཚམས་མི་འཇོག་པ་བཞིའི”བླང་བྱ་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱེད་པའི་རྨང་གཞིའི་ཐོག་རང་ལྗོངས་ཀྱིས《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཞིབ་འཇུག་བྱས་ནས་བཏོན་པ་དང་། དབུལ་ཞྭ་ཕུད་པའི་རྫོང(ཆུས)དབུལ་པོ་55ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་ལས་དོན་གྱི་ཇུས་གཞི་དང་དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ཉེན་བརྡའི་ལམ་སྲོལ་སྔ་རྗེས་སུ་བཙུགས་ཏེ། ཕྱོགས་གཅིག་ནས་དབུལ་ཞྭ་འབུད་རྒྱུར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་གྱིས་ཕྱོགས་གཉིས་ལ་དམ་འཛིན་དང་། ཕྱོགས་གཉིས་ཀར་དམ་འཛིན་ལྷོད་མེད་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་དབུལ་ཞྭ་འབུད་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་དང་། སྤྱི་ཚོགས་རོགས་རམ། ཐ་སྐྱོང་འགན་སྲུང་། ཐོན་ལས་ཀྱི་རྒྱུན་མཐུད་རོགས་སྐྱོར་དང་། སྲ་བརྟན། མཐོར་གཏོང་སོགས་གཙོ་གནད་དུ་བརྩིས་ནས་དབུལ་སྒྲོལ་བརྟན་པོ་དང་འབབ་འཕར་བརྟན་པོའི་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་བཀོད་སྒྲིག་བླང་བྱ་ལྟར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་རྒྱལ་ཁབ་ཀྱི་དབུལ་པོའི་ཚད་གཞིའི་ལྡབ་1.5ཡི་དམའ་བའི་དབུལ་པོའི་མཚམས་སུ་སླེབས་པའི་དུད་ཚང་དང་དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་དུད་ཚང་ལ་གྲལ་བཤེར་མཐིལ་རྟོགས་དང་། ཆ་འཕྲིན་འཚོལ་བསྡུ། ཟུར་མཆན་བཀོད་པ་བཅས་བྱེད་བཞིན་ཡོད་པ་རེད།

(བསོད་ནམས་བདེ་སྐྱིད་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)