《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་བྲིན་ཚོང་སླར་གསོ་ཕྱོགས་གཉིས་ཀར་དམ་འཛིན་བྱས་པ།

དུས་ཚིགས་དང་པོར་ལྗོངས་ཡོངས་སུ་ཁྲལ་རིན་སྒོར་དུང་ཕྱུར་10.7བཅག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི“དུས་ཚིགས་དང་པོའི་ཁྲལ་འབབ་འཁོར་རྒྱུག་གནས་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཡོང་འབབ(ཕྱིར་གཏོང་གི་ཁྲལ་དངུལ་ཕྱིར་སློག་ཉུང་འཕྲི་བྱས་མེད་པ་དང་སྤྱི་ཚོགས་འགན་སྲུང་དངུལ་ཚུད་པ)སྒོར་དུང་ཕྱུར་103.69བཏོད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་6གི་དོན་ཚན་24གསར་དུ་བཏོན་པ། གསར་དུ་ཁྲལ་རིན(སྤྱི་ཚོགས་འགན་སྲུང་དངུལ་ཚུད་པ)སྒོར་དུང་ཕྱུར་1.87བཅག་ཡོད། ན་ནིང་རྒྱལ་ཁབ་ཀྱིས་བཏོན་པའི་གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་འདི་ལོ་མུ་མཐུད་ལག་བསྟར་བྱས་ནས་ཁྲལ་རིན་སྒོར་དུང་ཕྱུར་8.83བཅག་པ་བསྡོམས་ན་སྒོར་དུང་ཕྱུར་10.7ཟིན་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

གསར་འགྱུར་མགྲིན་ཚབ་པ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་ཅུས་ཀྲང་གཞོན་པ་ཚའོ་ཅེ་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཡོང་འབབ་བཏོད་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་86.2ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་6.36ཉུང་བསྡུ་བྱས་པ་དང་དེ་6.9%ཆག་ཡོད། སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་13.72ཟིན་པ་དང་། དཔྱ་ཁྲལ་མིན་པ་དང་ཡོང་འབབ་གཞན་དག་བསྡོམས་ན་སྒོར་དུང་ཕྱུར་3.77ཟིན་ཡོད།

ཚའོ་ཅེ་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་དམངས་ཕན་ཁྲལ་འཇལ་དཔྱིད་རླུང་བྱ་སྤྱོད་ཀྱིས་ལོ་ཧྲིལ་པོར་རིགས་ཆེ་གྲས་4དང་ཁག་24ཡི་དམངས་ཕན་ཞབས་ཞུའི་བྱེད་ཐབས་83བཏོན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་བྲིན་ཚོང་སླར་གསོར་རོགས་རམ་བྱེད་པའི་ཐད་ཁྲལ་གཉེར་གྲོན་འཇལ་གྱི་ཞབས་ཞུའི་བྱེད་ཐབས་ཁག་11དང་དོན་ཚན་38བཏོན་ཡོད། བོད་ཀྱི་ས་གནས་དེ་རང་གི་ཁེ་ལས་དང་ཧུའུ་པེའི་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་བྲིན་ཚོང་སླར་གསོར་སྔར་བས་རོགས་རམ་བྱ་ཆེད། རང་ལྗོངས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོའི་ལེགས་ཆ་གང་ལེགས་སྤྱད་དེ་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་བྲིན་ཚོང་སླར་གསོར་ཞབས་འདེགས་ཞུ་བའི་ལམ་སྲོལ་གསར་པ་བཟོས་ཏེ་ཁྲལ་འཇལ་མཁན་གྱི་དཀའ་ངལ་བསལ་བ་རེད། མིག་སྔའི་བར། བོད་ཀྱི་ས་གནས་དེ་རང་གི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཐད་དཀའ་ངལ་ཡོད་པའི་ཁེ་ལས་16ལ་མཁོ་འདོན་ཚོང་པ་འབྲེལ་མཐུད་བྱེད་རོགས་བྱས་པ་དང་ཚོང་འགྲིག་ཚད་སྒོར་ཁྲི་9109.06ཟིན་པ་དང་། ཧུའུ་པེའི་ཁེ་ལས་ཀྱི་ཚོང་འགྲིག་རྣམ་གྲངས་53ཡོད་པ་དང་ཚོང་འགྲིག་ཚད་སྒོར་ཁྲི་11854.66ཟིན་ཡོད།

གཞན་ཡང་བོད་ཀྱི་ཁྲལ་དོན་གྱིས་ཕྲན་ཚེགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་མཁོ་བའི་དངུལ་བུན་གྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་རེད། “ཀུན་ཕན་དངུལ་རྩའི་ཁེ་ལས་དང་ཁྲལ་དོན་དངུལ་ཁང་གསུམ་གྱི་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་ལས་སྟེགས”བསྐྲུན་ནས་རང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་དེ་བས་མང་བས་མགྱོགས་མྱུར་དང་ནུས་ཆེའི་སྒོ་ནས་ཁྲལ་དོན་ཡིད་རྟོན་གྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་སུ་ཆ་རྐྱེན་འཛོམས་པའི་ཁྲལ་འཇལ་མཁན་2019ལོའི་ཁྲལ་དུད་16844ནས་ཁྲལ་དུད་39505བར་མང་དུ་ཕྱིན་པ་དང་ཁྱབ་ཁྱོན་དུས་མཚུངས་ལས་135%འཕར་ཡོད། ཕྲན་ཚེགས་ཁེ་ལས་ལ“དངུལ་ཁང་དང་ཁྲལ་དོན་ཚན་པ་མཉམ་འགུལ”གྱི་ཁྲལ་བསྡུའི་ཡིད་རྟོན་དངུལ་བུན་གྱི་དངུལ་གྲངས་ཁྱོན་སྒོར་དུང་ཕྱུར་1.878ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་ལྡབ་6འཕར་ཡོད། (རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)