《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

རང་ལྗོངས་ཀྱི་མི་རིཌ་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཀྱིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཞིག་ཆཌ་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་ལ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པས། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་སོང་ཡོད། ཚང་མས《མཛུབ་ཁྲིད་བསམ་འཆར》སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ནས། གཙོ་གནད་དམ་འཛིན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། སྲུང་སྐྱོང་ཆེ་མོ་དང་། སྒོ་དབྱེ་ཆེ་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་བླང་བྱར་དམ་འཛིན་ཡག་པོ་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགན་འཁྲི་འཁུར་ཕོད་པ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཧོའུ་ཡུས་ཧྥུང་གིས། ཟླ་5པ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་མངོན་གསལ་དོད་པོས་སླར་གསོ་བྱུང་ཞིང་། ཟླ་5ཚེས་1ནས་5ཉིན་བར། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་28163ལ་སྣེ་ལེན་ཞུས་པར་ཁྱོན་བསྡོམས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1154.68བྱུང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་རྒྱུན་རྣམ་ཅན་ལ་འགྱུར་བ་དང་བསྟུན་ནས་སྤྲོ་ཞིང་སྤྲོ་བའི་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བས་ཡུལ་སྐོར་ལས་གཉེར་བའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། 《མཛུབ་ཁྲིད་བསམ་འཆར》གྱིས་ཆབ་མདོའི་ཡུལ་སྐོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་རང་སྐྱོང་ལྗོངས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས་ཆབ་མདོའི་ཡུལ་སྐོར་བྱ་དགའི་སྲིད་ཇུས་གང་མགྱོགས་གཏན་འཁེལ་བྱེད་པ་དང་། ཆབ་མདོའི་ཡུལ་སྐོར་རླངས་འཁོར་ཀུང་སི་འཛུགས་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ། ཡུལ་སྐོར་བྱ་ཡུལ་གྱི་སྣེ་ལེན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོར་སྐུལ་མ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་སེལ་རྒྱུ་རེད་ཅེས་བརྗོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་སྤྱི་ཚོགས་བཅོས་སྐྱོང་གི་ཆེད་བསྐོས་ལས་བྱེད་པ་ཀྲའོ་དབྱི་ཁྲེན་གྱིས“《མཛུབ་ཁྲིད་བསམ་འཆར》ལས་ང་ཚོ་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་སོང་ཡོད། དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་ཡུལ་གཞན་ནས་གནས་སྤོས་བྱས་པའི་གྲོང་ཚོ་ཞིག་ཡིན་པ་དང་། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་ཡོད། གནས་སྤོས་མ་བྱས་གོང་དང་བསྡུར་ན་ཡོང་འབབ་སྔར་ལས་མང་བ་དང་། འཚོ་བ་སྔར་ལས་ཡག་པ། ཁོར་ཡུག་སྔར་ལས་ལེགས་པ་བཅས་ཡོད་ཅེས་མང་ཚོགས་ཚོས་ཡོངས་ཁྱབ་ཏུ་བརྗོད་ཀྱི་ཡོད། དེ་དག་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཤིག་རེད”ཅེས་བརྗོད།

བོད་ལྗོངས་སློབ་ཆེན་སློབ་བསྡུ་ལས་ཞུགས་ཁྲུའི་ཁྲུའུ་ཀྲང་གཞོན་པ་དབྱང་ཁྲེན་ལེང་གིས《མཛུབ་ཁྲིད་བསམ་འཆར》ནང་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་བཏོན་ཡོད། མཐོ་སློབ་སློབ་བསྡུའི་ལས་ཞུགས་སྡེ་ཚན་ཞིག་ཡིན་པའི་ང་ཚོས《མཛུབ་ཁྲིད་བསམ་འཆར》སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ནས། སློབ་གསོ་ཁྱབ་གདལ་དང་ཆེད་ལས་མཛུབ་ཁྲིད་བརྒྱུད་སློབ་མ་ཚོར་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་པ་དང་། ཕུན་སུམ་ཚོགས་པའི་ལས་ཞུགས་ལས་གཏོད་ཀྱི་ཐོན་ཁུངས་མཛོད་འཛུགས་པ། གསར་གཏོད་ལས་གཏོད་ཀྱི་སློབ་ཁང་གི་སློབ་ཁྲིད་དང་། ཆེད་ལས་ཟུར་ཁྲིད། བྱེད་སྒོའི་ཁྲིད་སྟོན། ལག་ལེན་གྱི་མྱོང་ལེན། འགྲན་བསྡུར་ཆེ་མོའི་སྐུལ་སློང་། བར་མཐོངས་སྐྱོང་གསོ། སློབ་གྲྭ་དང་ཁེ་ལས་མཉམ་འགུལ་སོགས་ཀྱི་མ་ལག་ཆ་ཚང་ཞིག་འཛུགས་པ། སློབ་མར་ཡང་དག་པའི་ལས་རིགས་ཀྱི་ཕུགས་བསམ་དང་དམིགས་ཚད་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ལ་བརྟེན་ནས་སློབ་མར་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གཏོད་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད།

“ཉིང་ཁྲི་གྲོང་ཁྱེར་གྱིས《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》སློབ་སྦྱོང་ནན་ཏན་བྱས་ནས། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་གྱི་སྤྱི་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་རྣམ་པ་དང་རིག་ལྡན་རྣམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་། ཡུལ་སྐོར་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱས་ནས་ཡུལ་སྐོར་གྱི་སྐོར་ལམ་ཆེ་མོ་ཞིག་གཏོད་པ་དང་། ‘དྲ་སྦྲེལ+ཡུལ་སྐོར’ཚོང་གཉེར་བྱེད་སྟངས་འཕེལ་རྒྱས་གཏོང་བ། ཉིང་ཁྲིའི་ཡུལ་སྐོར་གྱི་ཡིད་དབང་འགུགས་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་ཡུལ་སྐོར་ལས་རིགས་ཀྱི་ཀ་རྟེན་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་བསམ་གྲུབ་ཀྱིས་བརྗོད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)