《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月24日

ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།

མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་མི་དམངས་ལ་ཕན་བདེ་བསྐྲུན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་ཁག་ནང་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ནི་ཟླ་5ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོང་ཞུགས་ཁོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་དེ་མི་དམངས་ཁྲོད་ཡོད་པ་དང་། ཁྲག་རྒྱུན་མི་དམངས་དང་འདྲེས་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཆེད་རེད། འགྲན་སློང་དང་གནོན་ཤུགས་ཆེན་པོ་ཇི་ཙམ་འཕྲད་པ་དང་བློས་གཏོང་དང་རིན་དོད་ག་ཚོད་གཏོང་དགོས་ཀྱང་། དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་འགྱུར་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་བྱུང་མེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པའི་ཐོག་ནས་ཏང་གི་ཕུགས་བསམ་དད་སེམས་དང་། ངོ་བོའི་དམིགས་ཡུལ། ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་མངོན་པ་མ་ཟད། ཏང་གི་འབད་འཐབ་ལོ་རྒྱུས་དང་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་ཞིག་ཀྱང་རེད། ངེས་པར་དུ་མི་དམངས་གོང་དུ་བཀུར་བ་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་རྒྱུན་ཆད་མེད་པར་ཕན་བདེ་བསྐྲུན་པ། མི་དམངས་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ཐབས་ཇུས་བཀོད་སྒྲིག་ཁག་དང་ལས་དོན་དངོས་ནང་དོན་འཁྱོལ་བྱེད་དགོས་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་འདོམས་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ནང་སོག་འཐུས་མི་ཚོགས་པའི་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཧྥེ་ཏུང་པིན་དང་། ཧུའོ་ཀྲའོ་ལེའང་། ཤུའེ་ཀྲི་གོ ཧུའུ་ཧོ་པ་ཐེར། མེ་ཧྭ་བཅས་འཐུས་མི་5ཡིས་ཁག་སོ་སོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་བ། སྐོར་སྐྱོད་ཏང་ཀྲི་པུའི་ནུས་པ་འདོན་སྤེལ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཡག་པོ་སྤེལ་བ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད།

ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་མ་ཟད། ལོ་གཅིག་རིང་གི་ནང་སོག་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། ནང་ག་་་མན་ས“སོག་རྟའི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རིམས་ནད་ལས་ཐོན་པའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་ཁྱད་བསད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་འགན་ལེན་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུའི་ཐོག་ནང་སོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད། གང་གི་དུས་སུའང་ཏང་གིས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་གི་ཡོད། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མངོན་གསལ་དོད་པའི་མཚོན་རྟགས་ཡིན། རིམས་ནད་ཚབས་ཆེན་གྱི་མདུན་དུ་ང་ཚོས་དང་ཐོག་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པ་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ནས་ཕུལ་བྱུང་གི་སྨན་པ་དང་། སྔོན་ཐོན་གྱི་སྒྲིག་ཆས། མཁོ་ཆེ་ཤོས་ཀྱི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ཏེ་རིམས་ནད་སྐྱོབ་བཅོས་ནང་ནུས་ཤུགས་ཡོད་རྒུས་ཞུགས་པ་དང་སྐྱོབ་བཅོས་ཀྱི་གྲོན་དངུལ་ཚང་མ་རྒྱལ་ཁབ་ཀྱིས་འགན་འཁུར་ཡོད། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་ཆེད་བློས་གཏོང་ཆེན་པོ་བྱས་ཡོད། རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་བྱ་རྒྱུ་འགོག་པའི་བླང་བྱ་མུ་མཐུད་ནས་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དམ་པོར་བཟུང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རིམས་ནད་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་གཏིང་ཤུགས་ཆེ་ཤོས་དེ་ཡིན། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ནང་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པ་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན། མཉམ་འགོག་མཉམ་བཅོས་བཅས་བྱས་ནས་ཚགས་དམ་པའི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་བསྐྲུན་པ་དང་བྲག་ལྟར་བརྟན་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྒྲིལ་བྱས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྩ་ཆེའི་གནས་ལུགས་རྟོགས་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་ལ་རང་རྟོགས་ངང་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་ཤིག་གྲུབ་ཡོད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེས་རྒྱ་ཁྱབ་དང་། ཆེས་ངོ་མ། གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཞིག་ཡིན། ང་ཚོས་མི་དམངས་དམངས་གཙོ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་གཅིག་ཏུ་སྒྲིལ་དགོས། ནང་སོག་རང་སྐྱོང་ལྗོངས་ནི་རང་རྒྱལ་དུ་དབུ་བརྙེས་སྔ་ཤོས་ཀྱི་མི་རིགས་རང་སྐྱོང་ལྗོངས་ཤིག་ཡིན་པས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་མདུན་གྲལ་དུ་བསྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ན། མི་དམངས་ལ་དམ་པོར་བརྟེན་དགོས། ད་ཐེངས་ཀྱི་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྡབ་རྡེག་དང་ཤུགས་རྐྱེན་ཆེ་ཙམ་བཟོས་ཡོད་མོད། འོན་ཀྱང་ཚད་གཞི་ངེས་ཅན་གྱི་ཐོག་ནས་གོ་སྐབས་གསར་པ་ཡང་སྐྱེད་སྲིང་བྱས་ཡོད། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ལེགས་བརྩོན་དང་ཡུན་རིང་ལེགས་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་ཕྱིན་མེད། རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་དགོས་ན། མིག་སྔར་གཞི་ཚུགས་པ་དང་མིག་རྒྱང་རིང་དུ་བཏང་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་གང་མགྱོགས་ལེགས་སྒྲིག་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྤྱོད་གོ་ཆོད་པའི་བྱེད་ཐབས་ཁག་གཅིག་འདོན་དགོས་པ་དང་། ལྷག་དོན་དུ་དུས་ཡུན་རིང་འབྲིང་གི་འཐབ་ཇུས་ལས་འགན་དང་འཐབ་ཇུས་བཀོད་ཇུས་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་སྐབས་དམིགས་ས་ཡོད་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་ཐུབ་པའི་འཆར་འགོད་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་བཀོད་སྒྲིག་བྱས་ཏེ། ཉམས་ཉེན་ལ་ཁ་གཏད་གཅོག་སྐབས་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངེས་པར་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་གི་བྱས་རྗེས་གལ་ཆེ་ཤོས་སུ་བརྩི་དགོས། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་མཐར་གཏུགས་ནས་བརྗོད་ན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཆེད་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་སེམས་ལ་བཅངས་ནས་མང་ཚོགས་ཚོས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་དངོས་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་ཏེ། གནད་དོན་རེ་རེ་བཞིན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་དང་། ལོ་དང་ལོ་བསྟུད་ནས་བསྒྲུབས་ཏེ་མང་ཚོགས་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་མང་ཚོགས་ཚོར་དངོས་ཕན་ཐོབ་པ་བྱེད་དགོས། ཐོན་ལས་དང་། ལས་ཞུགས། དབུལ་སྐྱོར་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་སྐྱོབ་བཅོས་མ་ལག་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སོགས་གཞི་རིམ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ངང་སྤེལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་ཕྱོགས་བརྟན་པོར་འཛུགས་པ་དང་། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ། མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལེ་དབར་ཁྲི་ཡི་སྔོ་ལྗང་ལྕགས་རི་རིང་པོ་བསྐྲུན་རྒྱུ་དེ་བས་བརྟན་དུ་གཏོང་དགོས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོས་རང་ཉིད་ཀྱི་ལག་ནང་གི་དབང་ཆ་དང་ལས་གནས་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པ་དང་། དེ་ནི་ཏང་དང་མི་དམངས་ཀྱི་བྱ་བ་སྒྲུབ་པའི་ཆེད་དུ་སྤྱོད་དགོས་པ་དང་དམངས་ཀྱི་ཁེ་ཕན་དོན་གཉེར་ཆེད་དུ་སྤྱོད་དགོས་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་བཙུགས་ཏེ། གཏམ་འདོད་མི་བྱེད་པ་དང་། བྱས་རྗེས་རྫུན་མ་མི་གཉེར་བ། མིང་སྟོང་དོན་གཉེར་མི་བྱེད་པར་དཔོན་གནས་འཁུར་ནས་ཡུལ་ཕྱོགས་ཤིག་ལ་བདེ་སྐྱིད་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་བྱེད་དགོས་ན། ངེས་པར་དུ་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ནས་སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་དང་མཉམ་དུ་བསམ་བློ་གཅིག་ཏུ་གཏོང་བ་དང་། མཉམ་དུ་ལས་དོན་སྒྲུབ་པ། ཕྱར་བ་གྲུ་འདེགས། བདེ་སྡུག་མཉམ་མྱོང་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་སྔ་ཕྱི་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་དང་ཆད་པ་གཅོད་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་བཅས་བྱས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ”བཅས་ལ་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་ཡིན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་མེད་པ་བཟོ་དགོས། (ལྷ་དབང་ཚེ་འཕེལ་དང་། པ་སངས་སྒྲོན་ལགས། རིག་རྡོར། གནམ་ཕྱུག་རྒྱལ་བཅས་ཀྱིས་སྒྱུར་ཞུས་བྱས)