《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月22日

འབད་འཐབ་ཆེར་བསྐྱེད་ཀྱིས་དུས་རབས་ཀྱི་ལེའུ་གསར་པ་བརྩམས་པ།

—— རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤུས་ཚད་ལེགས་པའི་འཕེལ་རྒྱས་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

འདི་ལོའི་ཚུན་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་དུ་བསད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།

གྲངས་གཞི་ལས་མངོན་གསལ། འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་བརྟན་པོ་ཡོད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས། དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་384.58མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་1%འཕར་བ་དང་འཕར་ཚད་རྒྱལ་ཡོངས(-6.8%)ལས་བརྒྱ་ཆའི་གྲངས་7.8ཀྱིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ནི་ཟམ་མི་ཆད་པར་འཕར་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་གཅིག་པུ་དེ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་ལེགས་པོས་འཕེལ་རྒྱས་གཏོང་བའི་དུས་མཚམས་སུ་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་སུ་སླེབས་ཡོད། དེས་ན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པ་ནི་འགག་སྒོ་ལས་སྒྲོལ་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ཅིག་རེད།

དེའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་སྒོར་སྒོར་གྱིས་སྤུས་ཚད་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བོད་ཀྱི་ངོས་ནས་བརྗོད་ན་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཆབ་སྲིད་ཀྱི་དོན་སྙིང་ཟབ་མོའང་ལྡན་ཡོད། ལྷ་ས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་ངོས་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་ལྡན་ཡོད་ཅེས་གསུངས་པ་རེད།

སྒོར་སྒོར་གྱིས་མཐུན་སྦྱོར་དང་མཉམ་སྒུལ་གྱི་འཕེལ་རྒྱས་ལ་སྐུད་འདེད་གཏོང་བའི་ཐད་ང་ཚོས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་གཏིང་ཟབ་བརྔོགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་བྱེད་ནུས་ཀྱི་ངེས་གནས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་ཏེ་མཐུན་སྦྱོར་དང་མཉམ་སྒུལ་འཕེལ་རྒྱས་གཏོང་རིང་ཞན་ཆ་གང་མགྱོགས་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་ཡོད། གཅིག་ནས་ཐོན་ལས་མཐུན་སྦྱོར་ལ་སྐུལ་འདེད་བཏང་ཞིང་། ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། དེང་རབས་ཞབས་འདེགས་བཅས“ཐོན་ལས་ཆེ་གྲས་ལྔ”འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐུལ་འདེད་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ཐོན་ལས་གསུམ་གྱི་གྲུབ་ཆའི་བསྡུར་གྲངས་3.2:38.1:58.7ལ་ལེགས་སྒྲིག ཐོན་ལས་དང་པོའི་རྨང་གཞིའི་གནས་བབ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐོན་ལས་གཉིས་པའི་མྱུར་ཚད་མགྱོགས་སུ་དང་སྤུས་ཚད་མཐོ་རུ་གཏོང་བ། ཐོན་ལས་གསུམ་པའི་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་པ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་མགྱོགས་སུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བ། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་38འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བ། གསུམ་ནས་ཁུལ་ཁོངས་ཀྱི་མཐུན་སྦྱོར་མགྱོགས་སུ་གཏོང་བ་དང་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། གཞི་ཁྱོན་དེ་བས་ཆེ་བ་དང་། རིམ་པ་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཆེ་བ་བཅས་སུ་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་བཏང་ཡོད། 2019ལོར་ལྷ་ས་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལེགས་གྲུབ་བྱས་པ་དེས་ལྗོངས་ཡོངས་ཀྱི་བསྡུར་ཚད་ཀྱི་36.39%བཟུང་བ་དེས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྐུལ་ཁྲིད་ཀྱི་ནུས་པ་དང་ཁྱབ་འགྱེད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད་ཅེས་གསུངས་པ་རེད།

སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་དགོས།

“མིག་སྔར་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་709ཡི་མི་2296ཚང་མ་དབུལ་སྒྲོལ་བྱུང་བ་དང་གྲོང་ཚོ་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རྒྱལ་མཚན་གྱིས་བཤད།

བཀྲ་ཤིས་རྒྱལ་མཚན་གྱིས། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་བཅོས་སྒྲིག་སྦྲེལ་མཐུད་ནུས་ལྡན་བྱས་པ་ཡིན། ད་ཆ་ཞིང་འབྲོག་ཁུལ་གྱི་དུད་ཚང་ཚང་མས་རྒྱལ་དར་བཙུགས་པ་དང་གཙོ་འཛིན་གྱི་སྐུ་པར་བཀལ་ཏེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་དང་། རྒན་རྒོན་ལ་སྲི་ཞུ་མི་སྒྲུབ་པ་དང་། འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ། “སྒུག་བརྟེན་སློང”གསུམ་བཅས་བྱེད་མཁན་ཞིང་འབྲོག་མང་ཚོགས་ཁག་གཅིག་གི་བསམ་བློར་འགྱུར་ལྡོག་མངོན་གསལ་དོད་པོ་སོང་བ། “མི་ཕྱུགས་དབྱེ་བའི”འདུ་ཤེས་མི་སེམས་ལ་ཟུག་པ། ནད་གཞི་ཕོག་ཚེ་སྨན་བཅོས་མི་བྱེད་པར་རྨོངས་དད་བྱེད་པའི་སྲོལ་ངན་རྩ་བ་ནས་འདོར་བ་བཅས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དེ་བས་ཚན་རིག་གོང་དུ་བཀུར་ནས་བདེ་ཐང་ཤེས་དཔལ་གྱི་འཚོ་བ་བརྩོན་ལེན་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བཤད།

(བདེ་སྐྱིད་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)